༢༠༡༢ ཟླ་ ༡༢ ཚེས་ ༡༥ རེསགཟའ་སྤེན་པ།
༄༅། །རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༨ ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༥།༢༠ ཙམ་ལ་མདོ་སྨད་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་འབྲིང་བའི་སུམ་མདོ་དགོན་གྱི་རང་ལོ་ ༢༤ ལ་སོན་པའི་རྒྱལ་གཅེས་པ་དགེ་འདུན་དཀོན་མཆོག་འཕེལ་རྒྱས་ལགས་དང། གོང་ཚེས་ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༤ ཙམ་ལ་མདོ་སྨད་ཀླུ་ཚུ་རྫོང་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན། ཆོས་འཁོར་སྡེ་བའི་རང་ལོ་ ༢༣ ཡིན་པའི་རྒྱལ་གཅེས་པ་པདྨ་རྡོ་རྗེ་ལགས།
དེ་བཞིན་ཕྱི་ཚེས་ ༩ ཉིན་བོད་མདོ་སྨད་རེབ་གོང་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོའི་རྒྱལ་གཅེས་པ་བུ་མོ་བན་ཆེན་སྐྱིད་ལགས་གསུམ་གྱིས་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུན་ཐོན་སྟབས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༤ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་དུ་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་མཆོད་འབུལ་དང་འབྲེལ་བའི་གསུང་བཤད་གནང་དོན། སྐྱབས་གནས་ཀིརྟི་རིན་པོ་ཆེ་མཆོག་གིས་དབུས་དགེ་འདུན་པ་རྣམ་པ་དང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སེར་སྐྱ་མི་མང་ཚང་མར་ཞུ་རྒྱུར། ཆོས་རིག་ལས་ཁུངས་ནས་འབོད་སྐུལ་ཞུས་པ་ལྟར། ཚང་མས་འདི་གར་མཆོད་འབུལ་སྨོན་ལམ་དུ་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག་གོང་དུ་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོའི་ནང་ཞིབ་ཚགས་ཐོག་ནས་རང་ལུས་མེར་སྲེག་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཚན་དང་ས་གནས་སོགས་བཀོད་ཡོད། དེ་ཡང་རང་ལོ་ ༢༤ སོན་པའི་དགེ་འདུན་པ་དཀོན་མཆོག་འཕེལ་རྒྱས་ལགས་དང། རང་ལོ་ ༢༣ ལ་སོན་པའི་རྒྱལ་གཅེས་པ་པདྨ་རྡོ་རྗེ་ལགས་གཉིས་ཀྱིས་ཕྱི་ཚེས་ ༨ ཉིན་རང་ལུས་མེར་སྲེག་དང།
དེ་བཞིན་ཕྱི་ཚེས་ ༩ ཉིན་བུ་མོ་བན་ཆེན་སྐྱིད་ལགས་བཅས་ཁོང་རྣམ་པ་གསུམ་གྱིས་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་བཏང་ཡོད། ཚང་མས་ཤེས་གསལ་ལྟར་མུ་མཐུད་ནས་དཔའ་བོ་དཔའ་མོ་དེ་དག་གིས་བོད་བསྟན་སྲིད་དང་བོད་མི་རིགས་སླད་རང་ལུས་མེར་སྲེག་བཏང་ནས་གྲངས་ ༩༥ ལ་སླེབས་ཡོད། སྤྱིར་བཏང་འཛམ་གླིང་འདིའི་ནང་མི་རིགས་ཀྱི་འཐབ་རྩོད་ཆེད་དམག་འཁྲུག་བརྒྱབ་ནས་མི་ཁྲི་འབུམ་མང་པོ་གསོད་རེས་གཏོང་གི་ཡོད། འོན་ཀྱང་ང་ཚོས་འཚེ་མེད་ཞི་བའི་ཐོག་ནས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་བྱས་ནས་མི་གཞན་ལ་འཚེ་བ་ཏིལ་འབྲུ་ཙམ་མ་བྱས་པར་རང་ཉིད་ཀྱིས་རང་ལུས་མེར་སྲེག་དེ་འདྲ་གཏོང་མཁན་ང་ཚོ་བོད་ནང་མ་གཏོགས་འཛམ་གླིང་གི་རྒྱལ་རབས་ནང་བྱུང་མྱོང་མེད་པ་རེད་བསམ་བཞིན་ཡོད། དཔའ་བོ་དཔའ་མོ་དེ་དག་གིས་བོད་བསྟན་སྲིད་སླད་བློས་གཏོང་ཆེན་པོ་གནང་ཡོད།
དེར་བརྟེན་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་རང་ལུས་མེར་སྲེག་གཏོང་མཁན་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ལ་མྱ་ངན་གུས་འདུད་དང་འབྲེལ་ཁོང་རྣམ་པ་ང་ཚོ་བོད་ཆོས་ལྡན་ཞིང་ཁམས་སུ་སྐྱེ་བའི་སྨོན་ལམ་ཞུ་དགོས་པ་ཞིག་ཆགས་ཡོད། ཁོང་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་བཅུག་དགོས་པ་དང་བོད་ནང་རང་དབང་དགོས། དེ་བཞིན་ཉེ་ཆར་མང་པོ་ཞིག་གིས་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་སྐུ་ཚེ་བརྟན་པ་དང་བོད་དུ་གདན་འདྲེན་ཞུ་དགོས་སོགས་ཀྱི་འབོད་ཚིག་བསྒྲགས་ཡོད། དེར་བརྟེན་ཁོང་རྣམ་པའི་རྗེས་ཤུལ་ཚོར་ང་ཚོ་ཚང་མས་གདུང་སེམས་མཉམ་སྐྱེ་ཡོད། ཅེས་འབོད་སྒྲ་དང་ལན་ཆེན་པོ་ཞིག་གཏོང་ཐུབ་པ་དགོས། སྐྱབས་རྗེ་ཀིརྟི་རིན་པོ་ཆེར་ག་དུས་ཡིན་རུང་སྙན་སེང་ཞུས་པ་ལྟར་ཕེེབས་གནང་བར། ངས་ཆོས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་ཡིན།
དེ་བཞིན་གནས་ཆུང་གི་དབུ་མཛད་མཁན་པོར་འབོད་སྐུལ་ཞུས་པ་བཞིན་ཕེབས་ཏེ། ང་ཚོར་ཕྱག་རོགས་དང་གདུང་སེམས་མཉམ་སྐྱེ་གནང་བར་ཐུགས་རྗེ་ཞུ་རྒྱུ་ཡིན། གཞན་ཡང་འདི་གར་ཕེབས་པའི་སེར་སྐྱ་མི་མང་རྣམས་ལ་བཀའ་ཤག་དང་ཆོས་རིག་ལས་ཁུངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད་པ་བཅས། །