༢༠༡༢ ཟླ་ ༡༡ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །འདི་གར་སྦིར་ནང་ཆེན་ཅོན་ཏ་ར་བོད་མིའི་གཞིས་ཆགས་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༣༠ ཉིན་རེས་གཟའ་མིག་དམར་ཉིན་སྦིར་ཅོན་ཏ་ར་ཁུལ་སྡེ་དགེ་ནང་ཆེན། སྦིར་བོད་ཚོགས་ཁྱབ་ཁོངས་བོད་རིགས་རྣམས་ཀྱིས་སྦིར་ནང་རྒྱལ་སྤྱིའི་ཐད་འཕུར་(Paragliding) འགྲན་ཚོགས་ཐོག་ཕེབས་པའི་ཕྱི་རྒྱལ་བ་ཁྱོན་མི་གྲངས་ ༡༥༠ ཙམ་འདུ་འཛོམས་ཡོད་པ་རྣམས་ལ་དམིགས་ཏེ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༠༠ པོའི་ཐོག་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་འདྲ་པར་སྒྲིག་ཤོམ་གནང་སྟེ། སྐབས་དེར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་འགྲེམས་སྤེལ་གནང་བའི་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་བརྙན་འཕྲིན། དབུ་མའི་ལམ་གྱི་བརྙན་འཕྲིན། བོད་དོན་དང་འབྲེལ་བའི་དེབ་རིགས། དེ་བཞིན་བདེན་པའི་མེ་ལྕེའི་ས་རྟགས་བསྡུ་རུབ་རྒྱ་གང་ཆེ་ཞུས་ཐུབ་པ་བྱུང་ཡོད། ཁུལ་དེའི་ས་གནས་འགོ་འཛིན་གསུམ་གྱི་ལས་བྱེད་རྣམས་ནས་ཐད་འཕུར་འབབ་ཚུགས་སུ་ཕྱི་རྒྱལ་བ་མི་སྣ་ངོ་ཐུག་གིས་ས་རྟགས་བསྡུ་རུབ་དང་ཡིག་རིགས། བརྙན་འཕྲིན་འགྲེམས་སྤེལ་ཞུ་ཐུབ་པ་བྱུང་ཡོད།
གཞན་ཡང་ཆུ་ཚོད་ ༠༢།༠༠ ནས་ ༠༥།༠༠ བར་སྦིར་ཁུལ་བོད་རིགས་ཡོངས་ཀྱིས་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་པ་ཁྱོན་མི་གྲངས་ ༦༢ འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་ཡོད།
དེ་ནས་དགོང་དྲོ་ཆུ་ཚོད་ ༠༦།༠༠ ཐོག་སྦིར་སམ་བྷོ་ཊ་སློབ་གྲྭའི་མདུན་ཐང་དུ་སྦིར་ཁུལ་དགོན་སྡེ་ཁག་གི་དགེ་འདུན་པ་རྣམ་པ། ཅོན་ཏ་ར་བོད་ཁྱིམ། སུ་ཇ་བོད་ཁྱིམ། ཅོན་ཏ་ར་སམ་བྷོ་ཊའི་སློབ་ཕྲུག དགེ་ལས། གཞན་ཡང་ཕྱི་རྒྱལ་བ། སྦིར་མང་ཚོགས་བཅས་ཀྱིས་མར་མེ་མཆོད་འབུལ་ལས་འགུལ་སྐབས། བདེན་ཚིག་སྨོན་ལམ། གཞན་ཡང་བྱང་ཆུབ་སེམས་མཆོག མ་ཎི་གསོག་སྒྲུབ་དང༌། མྱ་ངན་གུས་འདུད་ཞུས་རྗེས་རང་ལུས་མེར་སྲེག་གཏོང་གནང་མཁན་རྣམས་ཀྱི་འདྲ་པར་མདུན་དུ་མར་མེ་སྒྲིག་ཤོམ་གནང༌། དེ་ནས་ཅོན་ཏ་ར་ས་གནས་འགོ་འཛིན་བསྟན་འཛིན་རབ་དགའ་ལགས་ཀྱིས་ངོ་སྤྲོད་གཏམ་བཤད་གནང་གྲུབ་མཚམས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འུར་འདོན་ཞུས་གྲུབ་མཚམས་བོད་དོན་དང་འབྲེལ་བའི་གློག་བརྙན་བསྟན་ཡོད་པ་བཅས། །