༢༠༡༢ ཟླ་ ༡༡ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་གྲོང་ཁྱེར་ཨོ་ཀི་ན་ཝར་ Okinawa ཆིབས་སྒྱུར་བསྐྱངས་ཡོད། དེ་ཡང་༸གོང་ས་མཆོག་གྲོང་ཁྱེར་དེའི་ཞུགས་གནས་མགྲོན་ཁང་གི་མདུན་༸ཞབས་སོར་འཁོད་སྐབས་ས་གནས་ཡུལ་མི་རྒན་གཞོན་ཁག་གཅིག་གིས་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་ཅིང་སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་ཁུལ་འདིར་སླར་ཡང་བཅར་ཐུབ་པར་ཧ་ཅང་དགའ་པོ་བྱུང་མཛེས་སྡུག་ལྡན་པའི་མཚོ་གླིང་འདིར་ངོས་རང་ཡོང་ཐེངས་གཉིས་པ་ཆགས་ཡོད། ཉིན་འགའི་རིང་ངོས་རང་ས་གནས་འདིའི་མང་ཚོགས་དང་ཐུག་རྒྱུའི་གོ་སྐབས་ཡོད་པ་མ་ཟད། མཚོ་གླིང་གི་ཡུལ་གོམས་གཤིས་ལུགས་སོགས་ཇི་འདྲ་ཡིན་ཤེས་རྒྱུའི་གོ་སྐབས་ཀྱང་ཡོད། ཅེས་བཀའ་སློབ་ཕེབས་ཡོད།
དེ་ཡང་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོར་ཨོ་ཀི་ན་ཝ་མཚོ་གླིང་གི་ཀོན་པཀ་ཏོ་ Konpakto ཞེས་པའི་ས་གནས་སུ་རྟེན་གཞི་བྱས་པའི་དམག་ཆེན་གཉིས་པའི་སྐབས་ཨོ་ཀི་ན་ཝ་མཚོ་གླིང་གི་སྲུང་སྐྱོབ་ཆེད་རང་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་དྲན་རྟེན་གྱི་སྐྱེ་མོས་ཚལ་ཞིག་ཡོད་པ་དེར་༸གོང་ས་མཆོག་ཆིབས་སྒྱུར་གྱི་ས་གནས་དེར་ཉི་ཧོང་དང་ཨ་རིའི་དམག་མི་འདས་པོ་རྣམས་ཀྱི་དྲན་རྟེན་ཡོད་ས་གཉིས་ཀར་ཆིབས་སྒྱུར་བསྐྱངས་ཏེ་ཐུགས་སྨོན་མཛད་ཡོད།
དེ་རྗེས་ཉེ་འགྲམ་དུ་ཕྱི་ལོ་ ༢༠༠༤ ལོར་ཞི་བདེའི་ཆེད་བྱང་ཆུང་ལྗོན་ཤིང་ཞིག་བཙུགས་ཡོད་པ་དེར་གཟིགས་སྐོར་མཛད། ཁུལ་དེར་༸གོང་ས་མཆོག་དེ་སྔ་ཕྱི་ལོ་ ༢༠༠༤ ཕྱི་ཟླ་ ༡༡ ཚེས་ ༤ ཉིན་ཆིབས་སྒྱུར་བསྐྱངས་ཡོད།
ཉིན་དེའི་ཕྱེད་ཡོལ་དུ་༸གོང་ས་མཆོག་གིས་ཨོ་ཀི་ན་ཝའི་རྒྱལ་ས་ན་ཧ་ Naha ཞེས་པ་དེར་ཆིབས་སྒྱུར་བསྐྱངས་ཏེ་མང་ཚོགས་ ༥༠༠༠ བརྒལ་བར་དཀའ་ངལ་ལས་རྒྱལ་ཐབས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད། བཀའ་སློབ་དེ་ནི་གཙོ་བོ་མ་འོངས་པའི་གཞོན་སྐྱེས་མི་རབས་གསར་པ་ཚོར་གཙོ་བོར་དམིགས་པ་ཞིག་ཡིན་པའི་འདུག དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་ཐོག་མར་སྐུ་ཚེའི་མཛད་ཁུར་གཙོ་བོ་གཉིས་ཡོད་པའི་སྐོར་ངོ་སྤྲོད་མཛད་དོན།
དུས་རབས་ ༢༠ ནང་འཕྲུལ་ཆས་ཡར་རྒྱས་ཕྱིན་པར་བརྟེན། དཔལ་འབྱོར་གཙོ་བོར་གྱུར་བའི་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ཕྱོགས་ཡོངས་སུ་ཧ་ཅང་འགྱུར་བ་ཆེན་པོ་ཕྱིན་ཡོད། ཕྱི་དངོས་པོའི་མཐུན་རྐྱེན་ཧ་ཅང་ཡར་རྒྱས་ཕྱིན་པར་བརྟེན། མི་ཚེའི་ནང་ལུས་ཀྱི་དཀའ་ངལ་དེ་དག་སེལ་རྒྱུའི་ཐབས་ལམ་བཟང་དུ་ཕྱིན་ཡོད། འོན་ཀྱང་དེས་སེམས་ནང་བདེ་སྐྱིད་དང་ཞི་བདེ་སྔར་བས་ཆེ་བ་ཞིག་བྱུང་བའི་ངེསཔ་གང་ཡང་མེད། གྲོགས་མེད་གཅིག་པུར་ལུས་པ་དང་སེམས་སྡུག མི་གཞན་ལ་ཡིད་ཆེས་བྱེད་མ་ཐུབ་པ་སོགས་ནི་དེང་རབས་སྤྱི་ཚོགས་ནང་འཕྲད་བཞིན་པའི་དཀའ་ངལ་གྱི་རྣམ་པ་གསར་པ་ཞིག་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་ཡང་སྩལ།
ཕྱི་ཚེས་ ༡༢ ཉིན་༸གོང་ས་མཆོག་གིས་གསར་འགོད་པའི་དྲི་བར་བཀའ་ལན་སྩལ། སྐབས་དེར་བོད་ནང་རང་ལུས་མེར་སྲེག་བསྟུད་མར་འབྱུང་བཞིན་པའི་གནད་དོན་ཐོག་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བ་ཞུས་པར། ༸གོང་ས་མཆོག་གིས་སྤྱིར་མགོན་པོ་གང་ཉིད་མཆོག་ཕྱི་ལོ་ ༢༠༡༡ ལོ་ནས་བོད་མིའི་ཆབ་སྲིད་དབུ་ཁྲིད་ནས་རྒས་ཡོལ་ཆ་ཚང་ཞུས་ཟིན་ནའང་རང་ལུས་མེར་སྲེག་གི་གནད་དོན་དེར་རྒྱ་ནག་གཞུང་གིས་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་རྒྱུ་རྐྱེན་གཙོ་བོ་ཇི་ཡིན་རྟོགས་ཆེད་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་གནང་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང་རང་ལུས་མེར་སྲེག་གི་དོན་རྐྱེན་དེ་ནད་ཀྱི་མཚོན་རྟགས་ཙམ་ལས་དེའི་རྒྱབ་ཏུ་གནས་སྟངས་དེ་བས་ཛ་དྲག་དང་དཀའ་ངལ་ཆེ་བ་ཞིག་ཡོད་པ་གསལ་པོ་མཚོན་བཞིན་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་གོ་སྐབས་ནམ་བྱུང་ལ་རང་ལུས་མེར་སྲེག་གི་དོན་རྐྱེན་གྱི་རྒྱུ་རྐྱེན་གཙོ་བོ་མགོན་པོ་གང་ཉིད་མཆོག་དང་བོད་མིའི་སྒྲིག་འཛུགས་ཡིན་པར་ལོག་འགྲེལ་བྱེད་བཞིན་ཡོད་པ་དང་གལ་ཏེ་རྒྱ་ནག་གཞུང་གིས་བྱེད་ཕྱོགས་དེས་རང་ལུས་མེར་སྲེག་སོགས་ཀྱི་དཀའ་ངལ་སེལ་ཐུབ་ཚེ་དེ་ལྟར་བྱས་ཀྱང་ཆོག་ལ། འོན་ཀྱང་གནས་སྟངས་དེ་འདྲ་ཞིག་རྩ་བ་ནས་མིན་སྐོར་བཀའ་ལན་སྩལ་བ་དང་སྦྲགས།
ཕྱི་ལོ་ ༢༠༠༨ ལོར་བོད་ནང་དུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པོས་རྙོག་གྲ་དེ་རྒྱ་གར་ནས་བཟོས་པ་རེད། ཅེས་སྐྱོན་བརྗོད་བྱས་ཡོད་སྐོར་དང་སྐབས་དེར་རྡ་སར་རྟེན་གཞི་བྱས་པའི་འབྲེལ་ཡོད་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གི་སྐུ་ཚབ་རྡ་སར་ཕེབས་ཏེ་ཞིབ་འཇུག་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་སྐོར་སོགས་ཞིབ་ཕྲ་གསལ་བཤད་མཛད་ཡོད།
ཉིན་གུང་ལྗགས་སྨིན་གྲུབ་རྗེས་༸གོང་ས་མཆོག་ཁུལ་དེ་ནས་རྒྱལ་ས་ཊོཀ་ཁྱོར་ཆིབས་ཞལ་བསྒྱུར་ཡོད། ཕྱི་ཚེས་ ༡༣ ཉིན་༸གོང་ས་མཆོག་གིས་འགྲོ་བ་མིའི་རིན་ཐང་དང་ཀུན་ཁྱབ་འགན་ཁུར་སྐོར་བཀའ་སློབ་སྩལ་རྒྱུ་མ་ཟད། སེམས་དང་སྲོག་སྐོར་ཚན་རིག་པ་ཁག་གཅིག་དང་ལྷན་བགྲོ་གླེང་མཛད་རྒྱུ་ཡིན་འདུག་པ་བཅས།།