༢༠༡༢ ཟླ་ ༡༡ ཚེས་ ༩ རེས་གཟའ་པ་སངས།
༄༅། །འདི་གར་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༢ ཉིན་ཀྲོག་ཁྱོ་རྒྱལ་སའི་དབུས་སུ་ BUKKYO DENDO KYOKAI Society for the promotion of Buddhism ཞེས་པའི་ནང་ཆོས་ཁྱབ་སྤེལ་ཚོགས་པའི་གཟེངས་བསྟོད་བྱ་དགའ་ཐེངས་ ༤༦ དེ་ཨོ་ཐ་ནི་གཙུག་ལག་སློབ་གྲྭའི་སློབ་དཔོན་ཟུར་པ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་སུ་གནང་ཡོད་ཅིང་། གཟེངས་བསྟོད་བྱ་དགའ་འདི་དང་ཉི་སྒོར་ ༡༠༠༠༠༠༠།༠༠ ཐམ་པ་ཡང་མཉམ་སྦྲགས་ཡོད་ཅིང་། ཐེངས་འདིར་སློབ་དཔོན་ཚུལ་ཁྲིམས་སྐལ་བཟང་ལགས་སུ་གཟེངས་བསྟོད་བྱ་དགའ་འདི་ཕུལ་དོན་གཤམ་གསལ་ལྟར་ཚོགས་པ་ནས་དམིགས་བསལ་ངོས་བཞེས་གནང་འདུག་པ་འདི་ལྟ་སྟེ།
༡༽ ཁྱོ་ཐོ་གྲོང་ཁྱེར་ནང་གི་ཨོ་ཐ་ནི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་མི་ལོ་ ༣༠ རིང་ཞབས་ཞུས་རིང་ཁོང་ནས་བོད་ཀྱི་ནང་ཆོས་ཀྱི་སྙིང་བཅུད་གཙོ་བོར་འགྱུར་བའི་རིག་གནས་ཁག་ཁྱབ་སྤེལ་རྒྱ་ཆེ་གནང་ཡོད།
༢༽ དེ་བཞིན་ཉི་ཧོང་གི་ནང་དོན་རིག་གནས་ཁག་ལའང་ཉམས་ཞིབ་ཟབ་རྒྱས་གནང་སྟེ་གྲུབ་དོན་སྙིང་པོ་རྣམས་བོད་ཀྱི་སྐད་ཡིག་ཐོག་འཛམ་གླིང་དུ་ངོ་སྤྲོད་གནང་བ་བཅས་ཀྱི་རྒྱུ་མཚན་ཁག་ལ་བརྟེན་ནས་གཟེངས་བསྟོད་བྱ་དགའ་ཁོང་ལ་ཕུལ་ཡོད་གནས་འདུག
ནང་ཆོས་ཁྱབ་སྤེལ་ཚོགས་པ་འདི་བཞིན་ཐོག་མར་ཕྱི་ལོ་ ༡༩༦༥ ལོར་བློ་ལྡན་མཁས་དབང་སྐུ་ཞབས་ Yuhan Numataལགས་ཞུ་བ་ནས་སྐུ་སྒེར་གྱི་མ་དངུལ་རྩ་འཛུགས་གནང་བའི་སྐྱེད་འབབ་ལས་གཟེངས་བསྟོད་བྱ་དགའ་འདི་གསར་གཏོད་དང་སྦྲགས་ད་བར་མུ་མཐུད་གནང་སྲོལ་གྱི་ལས་གཞི་རྩ་འཛུགས་གནང་བ་ཞིག་ཡིན་འདུག་ཅིང་། ཚོགས་པ་འདིའི་ལས་འཆར་གཙོ་གྲས་ཤིག་ལ་ཨ་རི་སོགས་གཙུག་ལག་སློབ་ཆེན་གྱི་མཁས་དབང་སློབ་དཔོན་གྲགས་ཅན་ཉི་ཧོང་དུ་ཆེད་གཉེར་གདན་ཞུས་གནང་སྟེ་ནང་དོན་རིག་པའི་འཆད་ཉན་གནང་ཐབས་སུ་སྨན་པའི་ཐེབས་རྩ་ཟུར་བཙུགས་བྱས་པ་དང་། གཙུག་ལག་སློབ་དཔོན་དང་ཉམས་ཞིབ་དོན་གཉེར་ཅན་ལ་དམིགས་བསལ་སློབ་ཡོན་གྱི་མཐུན་སྦྱོར་ཕན་གྲོགས་དང་། སངས་རྒྱས་ཀྱི་གསུང་རབ་ ༼The Teachings of Buddha༽ ཅེས་པའི་ཕྱག་དེབ་དབྱིན་ཡིག་དང་ཇར་མན་སྐད་ཡིག་གི་མཚོན་སྐད་ཡིག་གཞན་དུ་བསྒྱུར་ཏེ་ད་བར་དེབ་གྲངས་ས་ཡ་ ༨ དཔར་བསྐྲུན་གནང་སྟེ་རྒྱལ་སྤྱིའི་མགྲོན་ཁང་ཆེ་ཁག་གི་ཁང་མིག་ཏུ་སྐུ་མགྲོན་རྣམ་པའི་གཟིགས་དཔེར་འབུལ་འཇོག་མཐོང་ཆོས་སུ་ཡོད་པ་དང་ཕྱི་ལོ་ ༡༩༨༢ ནས་བཟུང་རྒྱ་ནག་གི་བཀའ་བསྟན་ནམ་སྡེ་སྣོད་གསུམ་དབྱིན་ཡིག་ཏུ་ ༼BDK English Tripitaka Series༽ སྒྱུར་འགོ་བརྩམས་ཏེ་ད་བར་དེབ་གྲངས་ ༤༡ དཔར་སྐྲུན་གནང་འདུག
སློབ་དཔོན་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ནི་བོད་ནུབ་ཕྱོགས་སུ་འཁྲུངས། ཉི་ཧོང་དུ་གནས་སྡོད་ཀྱིས་ཉི་ཧོང་རྒྱལ་ཁབ་ཀྱི་མི་ཁོངས་སུ་གྱུར་རྗེས་ཨོ་ཐ་ནི་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཀྱི་ནང་ཆོས་དང་རིག་གནས་ལས་བརྩམས་ཏེ་དཔེ་འཁྲིད་གནང་ནས་ཉམས་ཞིབ་པ་མང་པོ་གསོ་སྐྱོང་གནང་ཡོད་ལ། རྗེ་ཙོང་ཁ་པའི་བསྟན་བཅོས་མང་པོ་ཉི་ཧོང་སྐད་དུ་བསྒྱུར། དེ་བཞིན་ཉི་ཧོང་གི་ནང་ཆོས་མཁས་པའི་དེང་རབས་ནང་རིག་ཉམས་ཞིབ་ཀྱི་གྲུབ་འབྲས་སྙིང་པོ་ཁག་བོད་ཀྱི་སྐད་ཡིག་ཐོག་ནས་བརྩམས་ནས་དུས་ངེས་ཅན་ཞིག་ཏུ་འཛམ་གླིང་སྤྱི་དང་ལྷག་པར་རྒྱ་གར་དང་རྒྱ་ནག་ཏུ་དཔེ་ཁྲིད་གནང་ནས་ནང་རིག་ཕན་ཚུན་བརྗེ་ལེན་ལ་གྲུབ་འབྲས་ཆེན་པོ་བྱུང་གནས་དང་འབྲེལ་གཟེངས་བསྟོད་བྱ་དགའ་ཕུལ་གནས་བཅས།།