༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༠ རེས་གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་བཀའ་ཤག་ཡངས་སྟེང་ཚོགས་ཁང་དུ་སྔ་དྲོའི་ཆུ་ཚོད་ ༡༢།༡༥ ཐོག་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་སྟོབས་རྒྱལ་ལགས་དང་ཟུང་དྲུང་འཆི་མེད་ཚེ་དབྱངས་ལགས། དྲུང་གཞོན་སྐལ་བཟང་རིན་ཆེན་ལགས་བཅས་ནས་གསར་འགོད་པ་གྲངས་ ༡༥ ཙམ་འདུ་འཛོམས་བྱུང་ཡོད་པ་རྣམས་ལ་ཤེས་རིག་ལས་ཁུངས་ནས་རང་རེའི་རྒྱ་ཆེའི་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་སློབ་གསོའི་ཆེད་ལོ་རྗེས་མ་ནས་བཟུང་ལེགས་གསོལ་བྱ་དགའ་དང་མཐོ་སློབ་ཀྱི་སློབ་ཡོན་བཅས་ཀྱི་འཆར་གཞི་གསར་པ་ཁག་གཅིག་གསར་འགོད་གསལ་བསྒྲགས་གནང་ཡོད། དེ་ཡང་ཐོག་མར་དྲུང་འཕར་སྟོབས་རྒྱལ་ལགས་ནས་གསར་འགོད་གསལ་བསྒྲགས་བོད་ཡིག་ཐོག་ཡོད་པ་སྒྲོགས་སྦྱང་གནང་བ་དང་དེ་རྗེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད།
གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་བ་རྣམས་གཤལ་གསལ།
དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་སོ་སོའི་འབད་རྩོལ་གྱི་གྲུབ་འབྲས་ལ་སེམས་སྐུལ་ལེགས་གསོལ་དང་འབྱོར་འཁོས་ཞན་པའི་སློབ་ཕྲུག་དང་ཁྱིམ་ཚང་བཅས་ལ་དགོངས་བཞེས་ཀྱིས་སློབ་ཡོན་གྱི་འཆར་གཞི་གསར་པ་འདི་གསལ་བསྒྲགས་བྱེད་ཀྱི་ཡོད། འདིས་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་དགོངས་བསྐོང་ཐབས་དང༌། བཀའ་ཤག་སྐབས་ ༡༤ པས་ཤེས་ཡོན་ལ་གལ་གནད་ཆེ་ཤོས་སུ་ངོས་འཛིན་གནང་བ་མཚོན་གྱི་ཡོད།
ཤེས་ཡོན་ནི་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ནུས་ཤུགས་གོང་སྤེལ་དང་རྒྱུན་གནས་ཐུབ་རྒྱུའི་མ་འཛུགས་ལྟ་བུ་ཡིན། འཆར་གཞི་གསར་པ་འདིའི་དམིགས་ཡུལ་སྤྱིར་སློབ་སྦྱོང་ཡར་རྒྱས་གཏོང་ཐབས་ཙམ་མིན་པར་འབྱུང་འགྱུར་མཁས་པ་དང་རིགས་གཅིག་རྐང་འཛིན་མང་ཙམ་བསྐྲུན་རྒྱུ། དེ་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་ནང་འགོ་ཁྲིད་པ་དང་མི་ཆའི་ནུས་ཤུགས་དང་འཇོན་ཐང་གོང་འཕེལ་དུ་གཏོང་རྒྱུ་བཅས་ཡིན་པས་སློབ་ཡོན་འཆར་གཞི་གསར་པ་འདིས་ད་ཡོད་སློབ་ཡོན་གྲངས་འབོར་གྱི་བརྒྱ་ཆ་ ༥༠ ལྷག་སྤར་ཆ་ཞུས་ཡོད་པ་མ་ཟད། ཤེས་རིག་ལས་ཁུངས་ནས་མ་འོངས་པར་སློབ་ཡོན་ཇེ་མང་དུ་གཏོང་ཐབས་བྱེད་རྒྱུ་བཅས་ཡིན།
འཆར་གཞི་གསར་པའི་གནད་དོན་གལ་ཆེ་འགའ་ཤས་གཤམ་གསལ།
༡། དགའ་ལྡན་ཕོ་བྲང་ལེགས་གསོལ་བྱ་དགའ/ ཤེས་རིག་ལས་ཁུངས་ནས་མཚན་སྙན་ཆེ་བའི་བྱ་དགའ་འདིའི་དངུལ་འབོར་དང་སློབ་ཕྲུག་ཁ་གྲངས་གཉིས་ཀར་སྤར་ཆ་གནང་ཡོད། ཁྱོན་བསྡོམས་སློབ་ཕྲུག་དགུ་ལ་བྱ་དགའ་གནང་རྒྱུ་སྟེ། ཚན་རིག རྒྱུ་རྩལ། ཚོང་རིག་བཅས་སྡེ་ཁག་གསུམ་སོ་སོའི་ཨང་དང་པོ། གཉིས་པ། གསུམ་པ་སོ་སོར་རིམ་བཞིན་སྒོར་ ༢༠༠༠༠།༠༠ སྒོར་ ༡༥༠༠༠།༠༠ སྒོར་ ༡༠༠༠༠།༠༠ རེ་གནང་རྒྱུ།
༢། སྲིད་སྐྱོང་སློབ་ཡོན། སློབ་ཡོན་གསར་པ་འདིའི་དགོས་དམིགས་སློབ་ཕྲུག་ཚོས་སློབ་སྦྱོང་ལ་བརྩོན་འགྲུས་གོང་སྤེལ་དང་རྒྱལ་ཡོངས་རྒྱུགས་སྤྲོད་སྐབས་གྲུབ་འབྲས་ལེགས་པ་ཡོང་བའི་ཆེད་དུ་ཡིན། འཛིན་རིམ་ ༡༢ ཀྱི་རྒྱལ་ཡོངས་རྒྱུགས་སྤྲོད་མཐའ་མའི་སྐབས་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ཡན་ལོན་མཁན་མཆིས་སོ་ཅོག་ལ་སྲིད་སྐྱོང་སློབ་ཡོན་ཧིན་སྒོར་ ༡༠༠༠༠༠།༠༠ རེ་གནང་རྒྱུ།
༣/ སྲིད་སྐྱོང་གཟེངས་བསྟོད། རིགས་གཅིག་རྐང་འཛིན་གྱི་ Ph. D བསླབ་པ་མཐར་སོན་རིགས་ལ་སྲིད་སྐྱོང་གཟེངས་བསྟོད་ལག་འཁྱེར་དང་ཧིན་སྒོར་ ༢༠༠༠༠།༠༠ རེ་གནང་རྒྱུ།
༤། མཐའ་མའི་རྒྱལ་ཡོངས་རྒྱུགས་སྤྲོད་ནང་བརྒྱ་ཆ་མཐོ་བ་ཐོབ་མཁན་ཚོར་སློབ་ཡོན་མང་བ་འཐོབ་རྒྱུ། ད་ལྟའི་ཆར་བརྒྱ་ཆ་མཐོ་དམའ་ལ་མ་ལྟོས་པར་སློབ་ཡོན་ཐོབ་པའི་སློབ་ཕྲུག་ཚང་མར་སློབ་ཡོན་དངུལ་འབབ་གཅིག་མཚུངས་ཐོབ་ཀྱི་ཡོད། དཔེར་ན་བརྒྱ་ཆ་དྲུག་ཅུ་ལོན་དང་བརྒྱ་ཆ་བརྒྱད་ཅུ་ལོན་ལ་དབྱེ་བ་མེད་པ་ལྟ་བུ་ཡིན། འོན་ཀྱང་འཆར་གཞི་གསར་པ་འདིའི་འོག་སློབ་ཕྲུག་ཚོར་རྒྱལ་ཡོངས་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཀྱི་བརྒྱ་ཆ་ལ་གཞིགས་ཏེ་ལོ་རེར་སློབ་ཡོན་སྒོར་ ༣༥༠༠༠།༠༠ ནས་སྒོར་ ༡༠༠༠༠༠།༠༠ བར་གནང་རྒྱུ།
༥། ལེགས་གསོལ་བྱ་དགའ། མཐོ་རིམ་སློབ་སྦྱོང་ཆེད་ཤེས་རིག་ལས་ཁུངས་ནས་སློབ་ཡོན་ལེན་མུས་ཀྱི་སློབ་ཕྲུག་གང་ཞིག་ནས་སློབ་ཡུན་གྱི་ལོ་སོ་སོའི་ཡིག་རྒྱུགས་སྐབས་བརྒྱ་ཆ་ ༧༥ ཡན་ལོན་ན། རྒྱུན་ལྡན་སློབ་ཡོན་གྱི་ཐོག་ལེགས་གསོལ་སྒོར་ ༡༠༠༠༠།༠༠ རེ་འཕར་མ་གནང་རྒྱུ།
༦། ཉམ་ཐག་ཆེད་དམིགས་བསལ་སློབ་ཡོན། དབུས་བོད་མིའི་སྒྲིག་འཛུགས་ནས་ཞིབ་འཇུག་གིས་ཉམ་ཐག་ཨང་རྟགས་ཅན་གྱི་ཁྱིམ་ཚང་གི་བུ་ཕྲུག་ཚོའི་ཆེད་དུ་སློབ་ཡོན་འདི་གསར་བཏོད་གནང་བ་ཡིན། འདིའི་དམིགས་ཡུལ་ཁྱིམ་ཚང་ཉམ་ཐག་གི་བུ་ཕྲུག་མཐོ་རིམ་སློབ་སྦྱོང་མཐར་འཁྱོལ་ཐབས་ལ་རམ་འདེགས་བརྒྱུད་དེ་རིམ་བཞིན་ཁྱིམ་ཚང་དེ་ཉིད་ཉམ་ཐག་གིས་གནས་ལས་སྒྲོལ་ཐབས་བྱེད་རྒྱུ་དེ་ཡིན། འཛིན་རིམ་ ༡༢ ཀྱི་རྒྱལ་ཡོངས་རྒྱུགས་སྤྲོད་ནང་བརྒྱ་ཆ་ ༤༠ ལོན་པའི་ཉམ་ཐག་ཁོངས་གཏོགས་ཀྱི་སློབ་ཕྲུག་ཚོར་དམིགས་བསལ་སློབ་ཡོན་འདིའི་ཆེད་སྙན་འབུལ་གྱི་གོ་སྐབས་གནང་རྒྱུ་ཡིན་པ་བཅས་ཀྱི་གསར་འགོད་གསལ་བསྒྲགས་སུ་བོད་མིའི་སྒྲིགས་འཛུགས་ཀྱི་ཤེས་རིག་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་ནས་ ༢༠༡༢ ཟླ་ ༡༡ ཚེས་ ༢༠ ལ།
དོགས་འདྲི་དང་གསལ་བཤད་ཆེད་ཤེས་རིག་ལས་ཁུངས་སུ་འབྲེལ་བ་གནང་རོགས།
ཤེས་ལས་གློག་འཕྲིན་ [email protected], [email protected]
ཟུར་མཆན། གོང་གསལ་སློབ་ཡོན་འདི་དག་ཐོབ་རྒྱུར་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་སྒྲིག་གཞིར་གསལ་བའི་དགོས་མཁོ་དང་ཆ་རྐྱེན་རྣམས་ཚང་དགོས་པ་ཡིན།