༢༠༡༢ ཟླ་ ༡༡ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༣ ནས་ཚེས་ ༦ བར་ཉིན་གྲངས་བཞིའི་རིང་ཆོས་རིག་ལས་ཁུངས་དང་ལྡི་ལིར་ཡོད་པའི་ Interfaith Coalition for Peace (ICP) ཐུན་མོང་ནས་ Interfaith Women’s Journey ཞེས་པའི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད། ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ཆོས་ལུགས་འདྲ་མིན་དབར་ཐུན་བསྒྲིལ་ཐོག་སྤྱི་ཚོགས་ཞི་བདེ་བསྐྲུན་ཐབས་གནང་རྒྱུ་ཡིན་པ་དང༌། དེ་རིང་གི་ལས་རིམ་འདིའི་ནང་ (ICP) ངོས་ནས་མཉམ་ཞུགས་གནང་མཁན་ཁ་ཆེའི་་བུད་མེད་ ༢ དང༌། ཡི་ཤུ་བུད་མེད་ ༢། ཧིན་དུ་བུད་མེད་ ༢། སིག་བུད་མེད་ ༡ དང༌། བོད་མིའི་ཁོངས་ནས་སྒྲོལ་མ་གླིང་གི་བཙུན་མ་ ༢། བུད་མེད་ཚོགས་པ་ནས་འཐུས་མི་ ༢། དཔལ་འབྱོར་བུད་མེད་ནུས་ཤུགས་གོང་སྤེལ་ཚན་པ་ནས་སྐུ་ཚབ་ ༡ བཅས་ཕེབས་ཡོད།
ལས་རིམ་ལྟར་ཕྱི་ཚེས་ ༣ ནས་ ༦ བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྡེ་ཚན་ཁག་ཏུ་གཟིགས་བསྐོར་དང༌། དེ་བཞིན་གཙུག་ལག་ཁང་དང༌། རྡ་སར་ཡོད་པའི་ཡི་ཤུ་ལྷ་ཁང༌། སིག་ལྷ་ཁང༌། ཁ་ཆེ་ལྷ་ཁང༌། ཧིན་དུ་ལྷ་ཁང་བཅས་སུ་གནས་གཟིགས་དུ་བཅར་བ་དང༌། ཕྱི་ཚེས་ ༥ ཉིན་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དབུ་བཞུགས་ཐོག་ལས་རིམ་འདིར་མཉམ་ཞུགས་གནང་མཁན་བུད་མེད་རྣམས་དང་གོང་གསལ་ལྷ་ཁང་གི་གཙོ་འཛིན་བླ་མ་རྣམས་ཀྱི་དབར་སྤྱི་ཚོགས་མཐུན་གཤིབ་དང་ཞི་བདེ་ (Communal Harmony and Peace) བརྗོད་གཞིའི་ཐོག་གྲོས་བསྡུར་ལྷུག་པོ་གནང༌།
ད་རེས་ཕྱི་ཕྱོགས་ནས་བཅར་མཁན་མི་སྣ་ཚང་མས་བོད་མིའི་ཆོས་དང་རིག་གཞུང་སྐོར་གང་ཙམ་རྒྱུས་མྱོང་བྱུང་བའི་ལེགས་ཆ་རྣམས་རང་རང་སོ་སོའི་སྤྱི་ཚོགས་ནང་ལོག་ཏེ་དྲིལ་བསྒྲགས་དང་ཁྱབ་སྤེལ་གཏོང་ཐབས་ཞུ་རྒྱུ་ཡིན་བརྗོད་པ་དང༌། རྡ་སར་ཡོད་པའི་སིག་ལྷ་ཁང་དང༌། ཡི་ཤུ་ལྷ་ཁང་གི་གཙོ་འཛིན་ཚོས་ཀྱང་ཆོས་ལུགས་ཕན་ཚུན་སྐོར་ཤེས་རྟོགས་དང་ཐུན་བསྒྲིལ་ཆེད་བོད་མིའི་དགོན་པ་ཁག་ཏུ་བཅར་འདོད་ཡོད་སྐོར་དང་བོད་མི་རྣམས་ཁོང་ཚོའི་ལྷ་ཁང་དུ་ག་དུས་ཕེབས་ཀྱང་དགའ་བསུ་སྣེ་ལེན་ཞུ་རྒྱུ་ཡིན་བརྗོད་བྱུང༌། ཆོས་རིག་ལས་ཁུངས་དང་ལྡི་ལིར་ཡོད་པའི་ Interfaith Coalition for Peace ཐུན་མོང་ནས་གོ་སྒྲིག་གནང་བའི་ Interfaith དང་འབྲེལ་བའི་ལས་རིམ་དང་པོ་ཡིན་པ་དང༌། མ་འོངས་པར་ལས་ཁུངས་གཉིས་དབར་འབྲེལ་ལམ་ཟབ་ཏུ་བཏང་སྟེ་ལས་འཆར་སྤེལ་རྒྱུའི་གྲོས་ཐུན་བྱུང་ཡོད་པ་བཅས།།