༢༠༡༢ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༣ ཉིན་གྱི་དགོང་དྲོ་བོད་ནང་གི་ཆུ་ཚོད་ ༦།༣༠ ཡས་མས་ཙམ་ལ། རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་འབོད་པའི་སྲིད་གཞུང་གི་སྒོ་འགྲམ་དུ། རང་ལོ་ ༢༩ ཡིན་པའི་རྟ་མགྲིན་རྡོ་རྗེ་ལགས་ཀྱིས་རྒྱག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག
རྒྱལ་གཅེས་པ་ཁོང་ནི་བོད་མདོ་སྨད་རེབ་གོང་ཁུལ་རྡོ་དཀར་མོ་ཞང་དམེ་སྐོར་སྡེ་བ་ནས་ཡིན་པ་དང་། ཁོང་གིས་ ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཅེས་འབོད་ཚིག་བསྒྲགས་ཡོད་འདུག
རྒྱལ་གཅེས་དཔའ་པ་ཁོང་སྐུ་གྲོངས་རྗེས། ས་གནས་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཐོག ༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་མ་ཎི་དབྱངས་སུ་གྱེར་བཞིན། རྒྱལ་གཅེས་པ་ཁོང་གི་སྐུ་ཕུང་གདན་དྲངས་ཏེ་སང་ཉིན་དགོང་མོ་དེར་ཞུགས་འབུལ་གནང་ཡོད་འདུག་པ་བཅས།།