༢༠༡༢ ཟླ་ ༡༡ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༦ ཉིན་བཞུགས་སྒར་རྡ་རམ་ས་ལའི་བོད་ཁྱིམ་གྱི་བདེ་སྐྱིད་ཚེ་རིང་ཚོགས་ཁང་ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་འགོ་འཛུགས་མཛད་སྒོ་ཚོགས་ཡོད་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ཆེད་དུ་ཚོགས་འདུ་བཅར་བའི་རྒྱལ་ཁབ་བཞི་བཅུ་བརྒལ་བ་ནས་ཚོགས་བཅར་བ་གྲངས་ ༢༠༠ བརྒལ་བ། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འཛོམས་ཐོག་སྔ་དྲོའི་ཆུ་ཚོད་ ༩།༤༠ ཐོག་ལྷན་ཚོགས་དེའི་གཙོ་སྐྱོང་བ་ཕྱི་དྲིལ་ལས་བྱེད་བསོད་ནམས་བཟང་མོ་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ངོ་སྤྲོད་དང་སྦྲགས་བོད་ནང་གི་བོད་མི་ཚོས་རང་ལུས་མེར་སྲེག་གི་ལམ་ནས་རྒྱ་ནག་གཞུང་གི་མཁྲེགས་བཟུང་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་ཆེད་ཚང་མ་སྐུ་བཞེངས་ཐོག་ངག་བཅད་སྐར་མ་གཅིག་གནང་།
དེ་རྗེས་རྒྱ་གར་བོད་དོན་རྒྱབ་སྐྱོར་གྱི་འབྲེལ་མཐུད་པ་མཁས་དབང་ཨན་ཀེ་ཊིརི་ཁ་ (N.K. Trikha) མཆོག་གིས་ལྷན་ཚོགས་དབུ་འཛུགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་ཡོད་ཅིང་དེ་ཡང་ཁོང་གིས་ད་བར་བོད་མི་གྲངས་བདུན་ཅུ་བརྒལ་བས་རང་ལུས་མེར་སྲེག་བཏང་བ་དེ་དག་ནི་ཧ་ཅང་གི་རྩ་ཆེའི་བློས་གཏོང་ཞིག་ཡིན་པར་ངོས་འཛིན་དང་སྦྲགས་ལས་འགུལ་དེ་དག་ནི་འ་ཆད་འུ་ཐུག་གི་གནས་སུ་གྱུར་བར་ངོས་འཛིན་དང་། ཁོང་གི་ད་རེས་གོ་སྐབས་འདི་བཟུང་ནས་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོར་ཞུ་རྒྱུར། གལ་ཏེ་དྲང་བདེན་ཐོག་བསྐྱོད་པ་ཡིན་ན་དཀའ་ངལ་གང་ཡང་ཕྲད་རྒྱུ་མིན་པ་དང་། རྫུན་གཏམ་གྱི་རྗེས་སུ་འབྲང་ན་རྒྱབ་ཁབ་འཐོར་བཤིག་ཏུ་འགྲོ་རྒྱུ་རེད། དེ་ནི་ང་ཚོས་འཛམ་གླིང་གི་ལོ་རྒྱུས་ནས་གསལ་པོ་ཤེས་ཐུབ་པ་ཡིན་ཞེས་གསུངས་ཡོད།
དེ་ནས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གསུང་བཤད་གནང་བའི་ནང་ཉེ་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྱི་གྲོས་ཚོགས་ཚོགས་དུས་བཞི་པའི་སྟེང་བཅའ་ཁྲིམས་ནང་བཀའ་བློན་ཁྲི་པ་ཞེས་པའི་ཚབ་ཏུ་སྲིད་སྐྱོང་ཞེས་བསྐྱར་བཅོས་གནང་ཡོད་སྐོར་དང་། སྲིད་སྐྱོང་མཆོག་ནི་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དང་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་སྩལ་ཡོད་པའི་དབུ་ཁྲིད་དང་པོ་དེ་ཡིན་སྐོར་སོགས་ཚོགས་བཅར་བ་རྣམས་ངོ་སྤྲོད་གནང་ཡོད།
དེ་བཞིན་སྐབས་བཅུ་བཞི་པའི་བཀའ་ཤག་དང་བཀའ་ཤག་གི་ལས་དོན་ཇི་ལྟར་སྒྲུབ་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས་གནང་ཡོད་ཅིང་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་སྟེང་གསོན་པོར་གནས་ཐུབ་ཡོད་སྐོར་དང་བོད་མིའི་ཆབ་སྲིད་ཀྱི་འཐབ་རྩོད་ཀྱི་རང་བཞིན་ནི་རྒྱང་རྒྱུགས་བང་འགྲན་ལྟ་བུ་ཡིན་པ་འགྲེལ་བརྗོད་དང་། འགྲུབ་འབྲས་ཐོན་པར་དུས་ཡུན་ལོ་ངོ་ལྔ་དང་བཅུ་སོགས་སྒུག་དགོས་ཀྱང་གཙོ་ཆེ་ཤོས་འཐབ་རྩོད་ལ་རྒྱབ་སྐྱོར་རྒྱུན་སྐྱོང་བྱེད་རྒྱུ་དེ་གལ་གནད་ཆེན་པོ་ཡིན་སྐོར་དང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་རིགས་ཉི་ཤུ་ཙམ་ཕེབས་ཡོད་པ་ཁོང་རྣམས་ལ་བསྔགས་བརྗོད་གནང་བ་དང་དུས་མཚུངས་རྒྱ་ནག་གཞུང་ཕྱོགས་ནས་ད་བར་ཁྱོག་བཤད་སྣ་ཚོགས་ཤིག་དྲིལ་བསྒྲགས་བྱས་ཏེ་རྒྱ་རིགས་མི་མང་དང་བོད་མིའི་བར་འགལ་ཟླའི་ཁོར་ཡུག་འདྲ་མིན་བསྐྲུན་བཞིན་ཡོད་སྟབས་ང་ཚོས་མ་འོངས་པར་གདོང་ལེན་བྱེད་དགོས་པའི་གནད་འགག་གཅིག་ནི་རྒྱ་རིགས་མི་མང་རྣམས་ལ་དངོས་ཡོད་གནས་ཚུལ་རྣམས་ངོ་སྤྲོད་བྱས་ཏེ་འགལ་ཟླ་མེད་པ་བཟོ་དགོས་སྐོར་གྱིས་གསུང་བཤད་གནང་ཡོད
དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། ལྷར་བཅས་སྲིད་གཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་གྲངས་མེད་སྔོན་དུ་བཏང་བའི་ཐོག་ནས། ལྷན་ཚོགས་སུ་ཕེབས་པའི་སྐུར་འོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་བཀའ་བློན་རྣམ་པ། སྐུར་འོས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྐུར་འོས་བོད་མི་མང་སྤྱི་འཐུས་མི་རྣམ་པ། བོད་དོན་རྒྱབ་སྐྱོར་བ་རྣམ་པ། གསར་འགོད་པ་རྣམ་པ་བཅས་ལ་ཐོག་མར་འཚམས་འདྲི་ཞུ་རྒྱུ་དང། དེ་རིང་འདི་གར་སྐུ་ངལ་ལ་མ་འཛེམས་པར་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ལྷན་ཚོགས་སུ་མཉམ་ཞུགས་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་བརྗོད་ན་བོད་ཀྱི་བྱུང་རབས་ལོ་རྒྱུས་ཁྲོད་ཧ་ཅང་དཀའ་ངལ་འཕྲད་བཞིན་པའི་དུས་སྐབས་གཉན་འཕྲང་ཅན་འདི་ལྟབུའི་སྐབས་འདིར་གཞིས་ལུས་བོད་མི་ཚོས་ང་ཚོས་གང་འདྲ་ཞིག་བྱས་ཡོང་བསམས་པའི་རེ་བ་བཅོལ་བཞིན་པའི་དུས་སྐབས་ཤིག་ཆགས་ཡོད།
དེར་བརྟེན་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་འདི་ལྟ་བུ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལྷན་ཚོགས་འདིའི་ཐོག་ནས་པེ་ཅིང་གཞུང་ལ་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་པའི་དུས་སྐབས་འདིར་བོད་མིའི་གྲོགས་པོ་ཚོས་གདུང་སེམས་མཉམ་སྐྱེ་མཚོན་བཞིན་པ་ཙམ་མ་ཟད། བོད་དོན་བདེན་མཐའ་སེལ་ཏེ་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུའི་སྐལ་བཟང་གི་ཉིན་མོ་མ་ཤར་བར་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་གནས་རྒྱུ་དང་བོད་ཀྱི་གནད་དོན་དེ་བས་ཤུགས་ཆེ་རུ་འགྲོ་རྒྱུ་རེད། ཅེས་བརྡ་ལན་གསལ་པོ་གཏོང་བཞིན་ཡོད། དེ་བཞིན་ད་བར་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱིས་བློས་གཏོང་དང་བོད་ཀྱི་གྲོགས་པོ་རྣམས་ཀྱིས་རྒྱབ་སྐྱོར་ཟུང་འབྲེལ་ཐོག་བོད་ཀྱི་གནད་དོན་དེ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བཟང་ཕྱོགས་ཀྱི་བསྒྱུར་བ་ཞིག་ཡོང་བའི་རེ་བ་ཡོད་སྐོར་དང་། རྒྱ་ནག་ལ་ཕྱི་ཕྱོགས་ནས་ཆེ་མཐོང་དང་ནང་དུ་ལྷིང་འཇགས་དགོས་ཚེ་བོད་ཀྱི་གནད་དོན་དེ་མ་སེལ་ཀ་མེད་ཡིན། དེ་བཞིན་རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་མ་གནང་ཚེ་མང་གཙོ་དང་འཚེ་མེ་ཞི་བའི་ཐབས་ལམ་ཐོག་བསྐྱོད་མཁན་ཚོར་བརྡ་ལན་ངན་པ་འགྲོ་སྲིད་པའི་ཉེན་ཁ་ཡོད་པ་གསུངས་ཡོད་ལ་བོད་ཀྱི་གནད་དོན་དེ་ནི་རྒྱ་ནག་དང་རྒྱལ་སྤྱི་གཉིས་ཀའི་རྒྱུགས་སྤྲོད་ཆེན་པོ་ཞིག་ཆགས་སྐོར་གྱི་གསུང་བཤད་གནང་ཡོད། གཞན་ཡང་རྒྱ་ནག་གི་རྩ་ཁྲིམས་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་དཔལ་འབྱོར་དམིགས་བསལ་ས་ཁུལ་སོགས་ཀྱི་ཆ་རྐྱེན་ཡོད་སྐོར་ལུང་འདྲེན་གནང་སྟེ་བོད་ཀྱི་གནད་དོན་སེལ་རྒྱུར་རྒྱ་ནག་གཞུང་ལ་རྩ་ཁྲིམས་དང་ཆབ་སྲིད་ཀྱི་འདུན་པ་བཅས་གང་ཅིའི་ཐོག་ནས་དཀའ་ངལ་མེད་སོགས་ཀྱི་གསུང་བཤད་གནང་རྗེས་དབུ་འབྱེད་མཛད་སྒོ་གྲོལ་ཏེ་གསོལ་ཇའི་བར་གསེང་དང་རྗེས་མུ་མཐུད་ལྷན་ཚོགས་དང་བགྲོ་གླེང་ཕྱི་ཚེས་ ༡༨ བར་གནང་རྒྱུ་ཡིན་འདུག
ཐེངས་འདིར་ལྷན་ཚོགས་སུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊི་ཁ་མཆོག (N.K.Trikha) མཆོག་དང། རྒྱ་རིགས་མང་གཙོ་དོན་གཉེར་བ་དང་བོད་དོན་རྒྱབ་སྐྱོར་བ་ཧར་ཝ་ཌི་གཙུག་ལག་སློབ་དཔོན་སྐུ་ཞབས་ཡང་ཅན་ལི་(Yang Jianli) མཆོག རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨིན་ཌི་རེ་ཤི་ཀུ་མར་ (Indresh Kumar) མཆོག ཡུ་རོབ་སྤྱི་མཐུན་ཚོགས་པའི་འབྲེལ་འཐུད་ཁང་གི་འགན་འཛིན་སྐུ་ཞབས་ཊོ་ཌི་སི་ཊེན་ (Todd Stein) མཆོག ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ཝིན་སེན་མི་ཊེན་ (Vincent Metten) མཆོག ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཁང་གི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་པོལ་བྷུར་ཀེ་ (Paul Bourke) མཆོག ཨི་ཊ་ལི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Associazione Italia Tibet) སྐུ་ཚབ་སྐུ་ཞབས་གུན་ཐར་ཀོ་ལོ་ཉ་ (Gunther Cologna) མཆོག རྒྱ་རིགས་མཁས་དབང་སྐུ་ཞབས་ལིན་ཁྲའོ་ (Lianchao) མཆོག སུད་བོད་མཛའ་འགྲེལ་ཚོགས་པའི་ (Swiss Tibetan Friendship Association) ཚོགས་གཙོ་སྐུ་ཞབས་མིག་དམར་རེ་ཐི་མཆོག་ (Migmar Raith) མཆོག ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་སྐུ་ཞབས་ན་ཌིན་བྷུ་མན་ (Nadine Baumann) མཆོག་བཅས་དང་སྐུ་ཚབ་དོན་གཅོད་རྣམ་པ་བཅས་མཉམ་ཞུགས་གནང་ཡོད་པ་བཅས།།