༢༠༡༢ ཟླ་ ༡༡ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༤ ཉིན་བོད་ནང་གི་སྔ་དྲོའི་ཚོུད་ ༡༠ དང་ཕྱེད་ཀ་ཙམ་ལ་རེབ་གོང་ཆུ་མ་སྡེ་བརྒྱད་ཚོ་དགུའི་གྲས་ཀླུ་གཤོང་སྡེ་བ་ན་ཡིན་པ་དགུང་ལོ་ ༢༥ ལ་སོན་པའི་རྒྱལ་གཅེས་པ་རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེ་སྲེག་བཏང་བ་དང་ལྷན་བོད་ལ་རང་དབང་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། ངའི་རེ་བ་འགྲུབ་སོང་ཞེས་མེ་ཕུང་དཀྱིལ་ནས་སྐད་འབོད་གནང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག
རྒྱལ་གཅེས་པ་རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་རེབ་གོང་ཁུལ་གྱི་རོང་བོ་རྒྱལ་ཐང་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་རང་ལུས་མེར་སྲེག་བཏང་བ། རྒྱ་ལམ་ཐོག་བསྐྱོད་མཁན་ཚོས་གནས་ཚུལ་དེ་མཐོང་རྗེས་ཁོང་གི་སྐུ་ཕུང་རྒྱ་མིའི་ལག་ཏུ་མ་ཤོར་བ་བྱས་ཏེ་བདག་ཉར་བྱས་ཡོད་ཅིང༌། དེ་རྗེས་རོང་བོ་དགོན་པའི་དགེ་འདུན་པས་གཙོས་བོད་མི་མང་པོ་འདུ་འཛོམས་གནང་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་མི་དམངས་ཀྱིས་གདུང་སེམས་ཉམས་སྐྱེ་ཞུས་པ་མ་ཟད། སྐུ་ཕུང་རེབ་གོང་རོང་བོ་དགོན་པའི་རྒྱབ་རིའི་སྤང་ཤོངས་གདོང་རྒྱལ་གླད་དུ་གདན་དྲངས་ཏེ། ཕྱི་དྲོའི་ཆུ་ཚོད་ ༢།༣༠ ཐོག་དགེ་འདུན་པས་སྨོན་ལམ་གསུང་འདོན་དང་མང་ཚོགས་ནས་མ་ཎི་གསོག་སྒྲུབ་གནང་བཞིན་སྐུ་ཕུང་ཞུགས་འབུལ་གནང་ཡོད་པ་རེད།
རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་རང་ལུས་མེ་སྲེག་བཏང་བའི་གནས་ཚུལ་ཐོན་རྗེས་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མིས་རྒྱ་ལམ་ཐོག་སྐོར་གཡེང་བྱེད་པ་སོགས་དམ་བསྒྲགས་བྱེད་འགོ་བཙུགས་ཡོད་ཀྱང༌། སྐུ་ཕུང་ཞུགས་འབུལ་བྱེད་ཡུལ་དུ་གདན་ཞུ་བྱེད་པའི་སྐབས་དང། དངོས་གཞི་སྐུ་ཕུང་ཞུགས་འབུལ་སྐབས་མི་དམངས་འཛིན་བཟུང་བྱས་པ་དང༌། ཉེས་རྡུང་བཏང་བ། དྲག་གནོན་བྱས་པའི་གནས་ཚུལ་བྱུང་མེད་ཀྱང་། དོན་རྐྱེན་དེའི་སྐོར་ཕྱི་ཕྱོགས་སུ་ཤོད་མི་ཆོག་པའི་བཀོད་ཁྱབ་བཏང་བའི་ཁར་དེ་ཉིན་དྲ་རྒྱའི་བརྒྱུད་ལམ་ཡོང་རྫོགས་བཀག་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་རྒྱུར་བཀག་འགོག་བྱས་འདུག རྡོ་རྗེ་ལྷུན་གྲུབ་ལགས་ནི་ལྷ་བྲིས་སྒྱུ་རྩལ་གྱི་ཕྱག་ལས་གནང་མཁན་ཞིག་ཡིན་པ་དང་ཁོང་གི་ཤུལ་ལུས་སུ། དགུང་ལོ་ ༥༠ ཕེབས་པའི་ཕ་འབྲུག་མཐར་རྒྱལ་ལགས་དང༌། དགུང་ལོ་ ༤༤ ཕེབས་པའི་མ་ཤོ་བོ་གཡང་མོ་ལགས། དེ་བཞིན་དགུང་ལོ་ ༢༦ ལ་ཕེབས་པའི་བཟའ་ཟླ་གཡང་མོ་མཚོ་ལགས་དང༌། ལོ་བཞི་ལ་སོན་པའི་བུ་ཀུན་བཟང་རྡོ་རྗེ་དང༌། ལོ་ ༢ ལ་སོན་པའི་བོུ་བསྟན་འཛིན་སྒྲོལ་མ་བཅས་ཡོད་པ་རེད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཕྱི་ཟླ་ ༡༡ པའི་ཚེས་ ༢ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དབུ་ཁྲིད་ནས་རྒྱ་ནག་གཞུང་ལ། བོད་ནང་དུ་རང་ལུས་མེ་སྲེག་གཏོང་བའི་ཛ་དྲག་གི་དཀའ་ངལ་སེལ་ཐབས་བྱེད་དགོས་པའི་འབོད་སྐུལ་གནང་འདུག་པ་བཅས། །