༢༠༡༢ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༦ ཉིན་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཨ་རི་གཙོས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བའི་ཚོགས་པ་ཁག་གཅིག་ཐུན་མོང་ནས་སྣེ་འཁྲིད་དེ་བོད་ནང་རང་བསྲེགས་ཀྱི་དོན་རྐྱེན་མུ་མཐུད་ཐོན་བཞིན་པར་དམིགས་ཏེ་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་།གཞུང་གི་འགོ་ཁྲིད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། རྒྱལ་ཁབ་སོ་སོའི་གསར་འགོད་པ་གཙོ་གྲས། ཡུ་རོབ་སྤྱི་མཐུན་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་བཅས་ལ་ཕུལ་རྒྱུའི་འབོད་སྐུལ་གྱི་ཡི་གེ་ཞིག་འདི་ཚེས་ཉེར་ལྔ་ཉིན་དྲྭ་ལམ་ནས་འགྲེམས་སྤེལ་གནང་ཡོད་པ་དང་། ཡི་གེ་དེར་དེ་རིང་ནས་བཟུང་ཚོགས་སྡེ་ཁག་གི་རྒྱབ་སྐྱོར་གྱི་ས་རྟགས་བསྡུ་ལེན་གནང་བཞིན་ཡོད།
ཕྱི་ལོ་༢༠༡༢ཟླ་༡༡ཚེས་༡༧དང་ཚེས་༢༤ཉིན་སོ་སོར་འབོད་སྐུལ་ཡི་གེ་འདིའི་ཟིན་བྲིས་བཟོ་ཆེད་རྒྱ་རིགས་ཚོས་དེང་དུས་དྲྭ་ལམ་གྱི་ཚོགས་འདུ་ཐེངས་གཉིས་ཚོགས་པ་དང་། ཚོགས་འདུར་ཉི་ཧོང་དང་། ཁེ་ན་ཌ། འཇར་མན། ཨ་རི། ཨོ་སི་ཀྲོ་ལི་ཡ་སོགས་རྒྱལ་ཁབ་ཁག་ནང་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ཉི་བཤུ་ཙམ་མཉམ་ཞུགས་གནང་ཡོད་ཅིང་། ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་ཀུན་དགའ་བཀྲིས་ལགས་དང་། སུད་སི་སྐུ་ཚབ་དོན་གཅོད་ཁང་གི་བློ་བཟང་ཉི་མ་ལགས། ཨོ་སི་ཀྲོ་ལི་སྐུ་ཚབ་དོན་གཅོད་ཁང་གི་ཟླ་སྒྲོན་ལགས་བཅས་རྒྱ་རིགས་འབྲེལ་མཐུད་པ་གསུམ་དང་། དེ་མིན་གྱི་རྒྱ་ཡིག་མཁྱེན་མཁན་བོད་མི་ཁག་གཅིག་ཚོགས་འདུར་གདན་ཞུ་བྱས་ཡོད་པ་ལྟར་མཉམ་ཞུགས་གནང་ཡོད།
སྔ་རྗེས་ཐེངས་གཉིས་ཚོགས་པའི་ཚོགས་འདུའི་ཐོག་གཙོ་བོ་དོན་དག་གཉིས་ཐོག་གྲོས་བསྡུར་བྱས་ཡོད་པ་སྟེ། གཅིག ཉེ་ལམ་བོད་ནང་རང་བསྲེགས་ཀྱི་གནས་ཚུལ་མུ་མཐུད་ཐོན་བཞིན་ཡོད་པའི་སྐབས་འདིར་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོས་ནུས་ལྡན་གྱི་ལས་འགུལ་གང་ཞིག་སྤེལ་རྒྱུ་ཡོད་པའི་སྐོར་དང་། གཉིས། ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོས་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་གྱུར་བཞིན་པའི་སྐབས་འདིར་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་། གཞུང་གི་འགོ་ཁྲིད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། རྒྱལ་ཁབ་སོ་སོའི་གསར་འགོད་པ། ཡུ་རོབ་མནའ་མཐུན་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་བཅས་ལ་ཕུལ་རྒྱུའི་འབོད་སྐུལ་ཡི་གེ་ཞིག་བཟོ་རྒྱུར་ནང་དོན་ག་རེ་ཚང་དགོས་མིན་བཅས་གནད་དོན་གཉིས་ཀྱི་ཐོག་གྲོས་བསྡུར་གནང་ཡོད།
རྒྱ་རིགས་འབྲེལ་མཐུད་པ་གསུམ་ནས་རྒྱ་རིགས་གྲོགས་པོ་ཚོས་མ་སྐུལ་དང་བླངས་ཐོག་ནས་ཚོགས་འདུ་དེ་འདྲ་ཞིག་བསྐོངས་ཚོགས་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བོད་ནང་མུ་མཐུད་དེ་རང་བསྲེགས་ཀྱི་གནས་ཚུལ་ཡོང་དགོས་རྒྱུ་མཚན་དང་། གནད་དོན་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་ག་རེ་ཡིན་པ་སོགས་འགྲེལ་བརྗོད་ཞུས། ཚོགས་འདུར་མཉམ་ཞུགས་གནང་མཁན་རྒྱ་རིགས་གྲོགས་པོ་ཚོའི་བསམ་ཚུལ་ཉན་པར། ཚང་མས་བོད་ཀྱི་གནད་དོན་ལ་སེམས་ཁུར་ཆེན་པོ་ཡོད་པའི་ཚོར་སྣང་ཟབ་མོ་བྱུང་།
ཚོགས་འདུའི་ཐོག་རྒྱ་རིགས་ཤེས་ཡོན་ཅན་ཡང་ཅན་ལིས་ཡིས་ཉེ་ཆར་གྲོལ་ཙམ་ཡིན་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་ལ་ཞུགས་པའི་ཐོག་གནས་ཚུལ་ཇི་བྱུང་སྙན་སེང་གནང་ཡོད། ཚོགས་འདུའི་ཐོག་གོང་ཞུས་འབོད་སྐུལ་ཡི་གེའི་ནང་དོན་ལ་གཞིགས་ནས་སོ་སོའི་ཁྱབ་ཁོངས་ས་གནས་ཀྱི་ཚོགས་སྡེ་ཁག་ལ་བོད་སྐོར་འབོད་སྐུལ་ཞུ་རྒྱུ་དང་། བགྲོ་གླེང་ཚོགས་འདུ་ཚོགས་རྒྱུ། རྩོམ་ཡིག་སྤེལ་རྒྱུ། གསར་འགོད་པར་གནས་ཚུལ་འགྲེལ་བརྗོད་བྱེད་རྒྱུ་བཅས་ཀྱི་བསམ་འཆར་བྱུང་། འབོད་སྐུའི་ཡི་གེའི་ནང་དོན་ཚན་བཞི་ལ་ཚང་མས་མོས་མཐུན་བྱུང་སྟེ། འདི་ཚེས་ཉེར་ལྔ་ཉིན་དྲྭ་ཐོག་ཏུ་འགྲེམས་སྤེལ་བྱས་ནས་ཚོགས་སྡེ་འདྲ་མིན་གྱི་རྒྱབ་སྐྱོར་ས་རྟགས་ལེན་འགོ་ཚུགས་ཡོད། ཚོགས་སྡེ་སུ་ཡིན་རུང་རྒྱབ་སྐྱོར་གྱི་ས་རྟགས་འགོད་ཆོག་ཅིང་། ས་རྟགས་འགོད་མཁན་སུ་ཡིན་ཚོགས་སྡེའི་མིང་དང་། ཁ་བྱང་བཅས་གློག་འཕྲིན་འདི་གཉིས་ [email protected], [email protected] ཐོག་འབྲེལ་བ་གཏོང་དགོས་ཀྱི་ཡོད། དབྱིན་ཡིག་དང་། རྒྱ་ཡིག་གི་འབོད་སྐུལ་ཡི་གེ་དྲྭ་གནས་འདིར་ཡོད་པས་ཐུགས་ཞིབ་གནང་རོགས། ཐེངས་འདིའི་དྲྭ་ལམ་ཚོགས་འདུར་མཉམ་ཞུགས་གནང་མཁན་རྒྱ་རིགས་ཀྱི་ཁོངས་སུ་ཡང་ཅན་ལི་དང་། ཀྲང་ཞའོ་ཀང་། ཧྲེང་ཞོལ། ཀའོ་ཧྲེང་། པན་ཏཱ་ཝེ། གྲན་ཅན། ལིའུ་དབྱིན་ཇོན། ལི་ཐན་མིང་། ལིའུ་ཤོན། ཕན་ཡུན་ཀྲུང་། ལི་ཏུང་ཁྲིང་། ཧང་ཡུང་ཅན། དབྱིས་ཅུན། ཝང་ཇིན་ཀྲུང་སོགས་ཡོད་ཅིང་། ཁོང་རྣམས་ནི་ཐེངས་འདིའི་འབོད་སྐུལ་ཡི་གེ་འགྲེམས་སྤེལ་དང་། ས་རྟགས་བསྡུ་ལེན་ལས་འགུལ་འགོ་བརྩམས་མཁན་གྱི་གྲས་ཡིན།
བོད་ནང་རང་བསྲེགས་ཀྱི་གནས་ཚུལ་མུ་མཐུད་བྱུང་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་རྒྱ་སྐད་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་དོ་སྣང་བྱས་ཏེ་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཡོད་པའི་VOAརླུང་འཕྲིན་ཁང་གི་རྒྱ་སྐད་ཀྱི་ཀུན་གླེང་བརྙན་འཕྲིན་དང་། གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་NTDTVཞེས་པའི་རྒྱ་སྐད་བརྙན་འཕྲིན་ནས་བོད་མིའི་རང་བསྲེགས་ཀྱི་གནས་ཚུལ་དང་འབྲེལ་བའི་སྐོར་འདི་ག་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་གདན་ཞུས་ལྟར། ཁོང་ཕེབས་ནས་བོད་ནང་རང་བསྲེགས་མུ་མཐུད་ཡོང་བཞིན་པའི་རྒྱུ་མཚན་དང་། རང་བསྲེགས་ཀྱི་གནད་དོན་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་ག་རེ་ཡིན་པ་སོགས་འགྲེལ་བརྗོད་གནང་ཡོད་པ་བཅས།།