༢༠༡༢ ཟླ་ ༡༡ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༦ ཉིན་ཁམས་སོག་རྫོང་ཁྲི་རྡོ་ཤང་། དྲིལ་མདའ་དགོན་པའི་དགེ་འདུན་པ་གཉིས་དང་། མི་སྐྱ་གཅིག་བཅས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་སོག་རྫོང་ཁྲི་རྡོ་ཤང་། དྲིལ་མདའ་དགོན་པའི་ཅུང་པ་ཚང་གི་དགེ་འདུན་པ་རང་ལོ་ ༣༤ ཡིན་པ་ཐུབ་བསྟན་སྙན་གྲགས་ལགས་དང། མ་སྲི་ཆོད་ཀྱི་བུ་རང་ལོ་ ༢༤ ཡིན་པ་དགེ་འདུན་པ་གྲྭ་ཚེ་དབང་ལགས། མི་སྐྱ་བསྟན་རྒྱལ་ཚང་གི་བུ་རང་ལོ་ ༢༧ ཡིན་པ་ཕུར་བུ་བཅས་འཛིན་བཟུང་བཀག་ཉར་བྱས་འདུག ཁོང་གསུམ་འཛིན་བཟུང་བྱེད་དགོས་དོན་ནི་དྲིལ་མདའ་དགོན་པའི་ནང་སྔོན་མ་རང་བཙན་སྦྱར་ཡིག་ཐོན་པ་དེའི་རྐྱེན་ཡིན་སྲིད་ཟེར་བ་དང་།
ཡང་ཁག་གཅིག་གིས་ཁོང་གསུམ་པད་དཀར་གྲོང་རྡལ་རྒྱལ་གཅེས་དཔའ་བོ་ཚེ་སྤོ་དང་། བསྟན་འཛིན་གཉིས་མེར་སྲེག་བྱེད་སའི་ས་གནས་ནས་ཚུར་ཡོང་བར་བརྟེན་འཛིན་བཟུང་བྱས་པ་རེད་ཟེར། ཁོང་ཚོ་འཛིན་བཟུང་བྱེད་དགོས་དོན་ཁོང་རྣམས་ཀྱི་ནང་མི་རྣམས་ཀྱིས་ཤེས་རྟོགས་མེད་པ་རེད།
ཁྲི་རུ་ལ་གྲོང་ཚོ་ལྔ་ཡོད་པའི་གྲོང་ཚོ་རེའི་བར་ན་དམག་སྒར་རེ་བརྒྱབ་ནས་ཉིན་མཚན་དབྱེར་མེད་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་རེད། དྲིལ་མདའ་དགོན་པའམ་དྲིལ་དགོན་རི་བོ་ཆོས་གླིང་ནི་ཞང་ཞུང་ཆོས་དབང་གྲགས་པས་ཕྱག་བཏབ་པ་ཞིག་རེད།
དྲིལ་མདའ་དགོན་པའི་ནང་སྔར་གྱི་གཏན་སྡོད་ལས་བྱེད་དེ་ཚོ་ཡོད་པའི་ཐོག་དམག་མི་མང་པོ་སླེབས་ཡོད་སྐོར་བརྗོད་ཡོད། གང་ལྟར་ཐོབ་ཐང་ལག་འཁྱེར་མེད་པ་མི་སུ་གཅིག་ཕན་ཚུན་གཏོང་གི་མེད་པའི་གནས་ཚུལ་འབྲེལ་ཡོད་མི་སྣས་བརྗོད་ཡོད་པ་བཅས། །