༢༠༡༢ ཟླ་ ༡༡ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༢ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༣ དང་སྐར་མ་ ༡༥ ཡས་མས་སུ། བོད་མདོ་སྨད་རེབ་གོང་མདོ་བ་གད་དམར་ཐང་གི་སློབ་གྲྭའི་ནང་དུ། རང་ལོ་ ༢༤ ལ་སོན་པའི་རྒྱལ་གཅེས་པ་སྙིང་དཀར་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་ཆེད། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག བོད་ལ་རང་དབང་དགོས།” ཞེས་སྐད་འབོད་གནང་བཞིན། རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག ཉིན་དེར་ཉིན་ཤས་སྔོན་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་པ་རྟ་མགྲིན་འཚོ་ལགས་དང་སྐལ་བཟང་སྦྱིན་པ་ལགས་གཉིས་ཀྱི་ཁྱིམ་དུ་མྱ་ངན་ཆེད་མི་མང་པོ་ཞིག་འབྱོར་ཡོད་པར་བརྟེན་ཁོང་རྣམ་པས་རྒྱལ་གཅེས་པ་སྙིང་དཀར་བཀྲ་ཤིས་ལགས་ཀྱི་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་རང་ཁྱིམ་དུ་གདན་འདྲེན་ཞུས་ཏེ། མི་མང་གིས་སྲུང་སྐྱོབ་འོག་འདས་པོ་ཁོང་གི་ཆེད་རྗེས་འཇུག་སྨོན་ལམ་གསུང་འདོན་གནང་ཡོད་འདུག
རྒྱལ་གཅེས་པ་ཁོང་ནི། མདོ་སྨད་རེབ་གོང་མདོ་བ་ཞང་སྒྲོ་ཚང་སྡེ་བ་ནས་ཡིན་ལ། ཁོང་གི་ཕའི་མིང་ལ་བཀྲ་ཤིས་རྣམ་རྒྱལ་ལོ་ ༤༧ ཡིན་པ་དང་། མའི་མིང་ལ་མཁའ་འགྲོ་འཚོ་ཡིན་ཞིང་ལོ་བཞིའི་སྔོན་ཚེ་ལས་འདས་འདུག མ་འདས་གྲོངས་སུ་གྱུར་རྗེས་ཁོང་གི་ཕས་གཞན་ཞིག་དང་གཉེན་སྒྲིག་གནང་ཡོད་པ་དེའི་མིང་ལ་ལྷ་མོ་མཁར་ཟེར་གྱི་ཡོད་འདུག སྙིང་དཀར་བཀྲ་ཤིས་ལགས་ཀྱི་བཟའ་ཟླའི་མིང་ལ་འབྲུག་མོ་ཚེ་རིང་ལོ་ ༢༣ ཡིན་འདུག
ཕྱི་ཚེས་ ༡༡ ཉིན་རྨ་ལྷོ་ཁུལ་དང་རེབ་གོང་རྫོང་གི་ལས་བྱེད་མི་སྣ་མདོ་བ་ཞང་ཐོག་ཏུ་ཡོང་སྟེ། ཕྱི་ཚེས་ ༧ ཉིན་རྒྱལ་གཅེས་དཔའ་མོ་རྟ་མགྲིན་འཚོ་དང་ཕྱི་ཚེས་ ༨ ཉིན་དཔའ་བོ་སྐལ་བཟང་སྦྱིན་པ་རྣམ་གཉིས་ཀྱིས་མེར་སྲེག་བཏང་དགོས་པའི་རྒྱུ་མཚན་དང་། ཕྱི་ཕྱོགས་ནས་ངན་སྐུལ་བྱས་ཡོད་མེད། རྒྱལ་ཁབ་ཀྱི་སྲིད་ཇུས་དང་འགལ་ཚུལ་སོགས་དྲིལ་བསྒྲགས་བྱས་པ་དང་། ཕྱི་ཚེས་ ༡༢ ཉིན་ལའང་རྒྱ་དམར་དབུས་གཞུང་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་ལས་བྱེད་རླངས་འཁོར་བདུན་ཡོང་སྟེ། ས་གནས་སྡེ་དཔོན་དང་འབྲེལ་ཡོད་ཁག་འབོད་འགུགས་ཀྱིས་གཏམ་བཤད་སྤེལ་བཞིན་པའི་སྐབས་དེར་རྒྱལ་གཅེས་པ་སྙིང་དཀར་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ཡོད་འདུག
ཕྱི་ཚེས་ ༡༡ ཉིན་རྨ་ལྷོ་ཁུལ་དང་རེབ་གོང་༼ཐུན་རིན་༽རྫོང་གི་ལས་བྱེད་ཁག་གཅིག་ཡོང་སྟེ་བོད་མི་ཚོས་རང་ལུས་མེར་སྲེག་བཏང་དགོས་པའི་རྒྱུ་རྐྱེན་དང་། ད་དུང་མུ་མཐུད་འདི་འདྲ་ཡོང་གི་ཡོད་མེད། མང་ཚོགས་ནང་བསམ་ཚུལ་ག་རེ་ཡོང་གི་ཡོད་མེད། ས་གནས་ལས་བྱེད་པའི་ནང་ལ་བསམ་ཚུལ་ག་རེ་ཡོད་སོགས་དྲིས་སྐབས། རྒྱ་གཞུང་གི་ལས་ཀ་བྱས་ཏེ་ལོ་ ༡༥ ཕྱིན་ཞིང་། ད་ལྟའི་མདོ་བ་སྒྲོ་རོང་པོ་སྡེ་བའི་ཧྲུའི་ཅི་སྟག་ལྷ་ཞུ་བས་བརྗོད་དོན། མང་ཚོགས་ནང་ལ་བསམ་ཚུལ་ག་རེ་ཡོད་མེད་ཤེས་མ་སོང་། ངའི་བསམས་ན་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། ༸གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པ་དང་གསོལ་བ་སྨོན་ལམ་བཏབ་མི་ཆོག་པ། ༸གོང་ས་མཆོག་ཕྱི་ལོགས་སུ་ཕུད་དེ་བོད་ནང་ཕེབས་བཅུག་གི་མེད་པ། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་བཙོན་ཁང་དུ་བཀག་པ། བོད་ལ་རང་དབང་མེད་པ་བཅས་ལ་བརྟེན་ནས་རང་ལུས་མེར་སྲེག་བཏང་དགོས་པ་འདི་ལ་ཐུག་པ་རེད། ཅེས་དྲི་བ་འདོན་མཁན་ལ་ལན་འདེབས་བྱས་ཡོད་འདུག་ལ། ས་གནས་བོད་རིགས་མི་མང་གིས་ཁོང་གིས་བརྗོད་པའི་བསམ་ཚུལ་ལ་ཧ་ལས་ཏེ། ལས་བྱེད་ཅིག་གིས་དེ་ལྟར་བཤད་ཐུབ་པའི་ཁོང་གི་བློ་ཁོག་ལ་བསྟོད་བསྔགས་བྱས་ཡོད་འདུག
གཞན་ཡང་། ས་གནས་བོད་མི་གཞན་ཞིག་ལ་སྐད་ཆ་དྲིས་པར། ཁོང་གིས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་ནི་རེབ་གོང་(ཐུན་རིན་)རྫོང་གི་དམར་ཤོག་དྲུང་ཆེ་ཅཱང་ཧྲུའུ་ཁྲིན་༼Jiang Shucheng ༽གྱིས། ཉེ་ལམ་མདོ་བ་ཤང་ཐོག་ཏུ་ཡོང་སྟེ་༸གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པའི་བཙན་བཀའ་བཏང་བ་སོགས་ལ་བརྟེན་གནས་ཚུལ་འདི་བྱུང་བ་རེད།” ཅེས་བརྗོད་ཡོད།
རྒྱལ་གཅེས་པ་ཁོང་གིས་ཁ་ཆེམས་ཡི་གེར། ༸རྒྱལ་བ་པཎ་ཆེན་རྣམ་གཉིས་གཙོ་བོར་མཛད་པའི་བོད་མི་ས་ཡ་དྲུག་ལ། བོད་རང་དབང་དགོས། བོད་རང་བཙན་དགོས། བོད་ཡིག་སློབ་རྒྱུའི་རང་དབང་དགོས། ཕ་སྐད་བཤད་རྒྱུའི་རང་དབང་དགོས། པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་བྱེད་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་སུ་འཇུག་དགོས། རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་ཡིན། ཕ་བཀྲ་ཤིས་རྣམ་རྒྱལ་གཙོ་བོརགྱུར་བའི་བཟའ་མི་ཡོངས་ཀྱིས་སེམས་ཁུར་དང་སྡུག་བསྔལ་བྱེད་མི་དགོས། དཀར་པོ་ཆོས་ལ་དད་རྒྱུ། དགེ་བའི་ལམ་ལ་ཞུགས་རྒྱུ་མཁྱེན། བདག་གི་རེ་བ་ནི། བོད་མི་ས་ཡ་དྲུག་གིས་བོད་ཡིག་སློབ་རྒྱུ། ཕ་སྐད་བཤད་རྒྱུ། བོད་ལྭ་གོན་པ། མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་མཁྱེན། ཞེས་སྙིང་དཀར་བཀྲ་ཤིས་ནས། ”ཞེས་བཀོད་ཡོད་འདུག