༢༠༡༢ ཟླ་ ༡༡ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༥ ཉིན་བོད་ནང་གི་ཆུ་ཚོད་ ༡༡ ཡས་མས་སུ་རེབ་གོང་རྒྱལ་བོ་ཀླུ་ཆུའི་ཆུ་ཇ་སྡེ་བ་ནས་ཡིན་པ་རང་ལོ་ ༡༨ སོན་པ་རྒྱལ་གཅེས་པ་མཁའ་འབུམ་རྒྱལ་ལགས་ཀྱིས་རེབ་གོང་རྒྱལ་བོ་ཀླུ་ཆུའི་ཀླུ་ཆུ་ཐང་ནས་རོང་བོར་ཡོང་སའི་ལམ་ཁ་ཁོང་གསེང་མདོ་ཟེར་བའི་ས་ཆ་ནས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་ཞི་རྒོལ་གནང་ནས་འདས་གྲོངས་སུ་གྱུར་འདུག དེ་རྗེས་ཁོང་གི་སྐུ་ཕུང་རེབ་གོང་ཚ་རྒྱལ་དགོན་པར་འཁྱེར་ཡོད་འདུག་ལ། དེར་དགེ་འདུན་པ་རྣམས་ཀྱིས་གཙོས་སྐྱ་སེར་བརྒྱ་ཕྲག་མང་པོས་སྐུ་ཕུང་ཞུགས་འབུལ་གནང་ཡོད་འདུག
རྒྱལ་གཅེས་པ་མཁའ་འབུལ་རྒྱལ་ལགས་ཀྱི་ཕ་མིང་ལ་རྟ་མགྲིན་རྒྱལ་དང་མ་མིང་ལ་སྒྲོལ་དཀར་མཚོ་ཡིན་པ་དང་། ཁོང་ལ་ཁྱོན་མིང་སྲིང་ ༦ ཡོད་པ་ལས། ཆེ་བའི་མིང་ལ་བསོད་ནམས་ལྷུན་གྲུབ་དང་འབྲིང་བའི་མིང་ལ་ཀླུ་མོ་འཚོ། ཆུང་བའི་མིང་ལ་གུ་རུ་སྐྱིད་ཡིན་འདུག་ལ། རྒྱལ་གཅེས་པ་ཁོང་ནི་གུ་རུ་སྐྱིད་ཀྱི་གོང་མ་དེ་ཡིན་འདུག་པ་བཅས།།