༢༠༡༢ ཟླ་ ༡༡ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༨ རེས་གཟའ་ལྷག་པའི་ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༧ ཡས་མས་སུ། བོད་མདོ་སྨད་མཛོད་དགེ་ཡར་ཀི་སོག་སྡེ་ནས་ཡིན་པ་རང་ལོ་ ༢༡ ཅན་རྒྱལ་གཅེས་པ་བན་དེ་མཁར་ལགས་ཀྱིས། གཙོས་གྲོང་ཁྱེར་དུ་རང་ལུས་མེར་སྲེག་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ཞི་རྒོལ་གྱིས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག
རྒྱལ་གཅེས་པ་ཁོང་གིས་ཕ་ཡུལ་ནས་སྤྱི་ལེ་ ༢༠ ཙམ་གྱི་སར་ཡོད་པའི་གཙོས་གྲོང་ཁྱེར་དུ་སོང་སྟེ། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་སུ་འཇུག་དགོས། པཎ་ཆེན་རིན་པོ་ཆེ་བཙོན་ནས་གློད་གྲོལ་གཏོང་དགོས། བོད་ལ་རང་དབང་དགོས། སྐད་ཡིག་དང་ཆོས་དད་ལ་རང་དབང་དགོས། ཁོར་ཡུག་སྲུང་སྐྱོབ་བྱེད་དགོས། ཞེས་སྐད་འབོད་གནང་བཞིན་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་འདུག
རྒྱལ་གཅེས་པ་ཁོང་ནི་རྒྱ་ནག་གཞུང་གིས་དབྱེར་བའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་ཁོངས་སུ་ཆ་བགོས་བྱས་ཡོད་པའི། མདོ་སྨད་མཛོད་དགེ་ཤོག་པ་ལྔའི་ནང་ཚན་རྐང་ཚའི་ཡར་ཀི་སོག་སྡེ་ནས་ཡིན་པ་དང་། ཁོང་གི་ཕའི་མིང་ལ་ཚེ་རིང་ཐར་དང་མའི་མིང་ལ་ཀུན་བཟང་སྒྲོལ་མ། ཁོང་ལ་སྤུན་མཆེད་གཉིས་ཡོད་པའི་ཆེ་བའི་མིང་ལ་བྱམས་པ་དང་ཆུང་བའི་མིང་སངས་རྒྱས་དོན་འགྲུབ་ཞུག་གི་ཡོད་འདུག་པ་བཅས།།