༢༠༡༢ ཟླ་ ༡༡ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༡ ཚེས་ ༡༠ ཉིན་བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཀླུ་ཤོད་སྐེད་སྡེ་བ་ནས་ཕ་མིང་བཀྲ་ཤིས་བསོད་ནམས་རང་ལོ་ ༤༢ ཡིན་པ་དང་། མ་མིང་སྙིང་ལོ་(མ་སྙིང་ལོ་ནི་ཁོང་ལོ་གསུམ་ཡིན་སྐབས་ཚེ་འདས་སུ་གྱུར་བས་མ་གཡར་མགོན་པོ་སྐྱིད་རང་ལོ་ ༤༠ ཀྱིས་ལྟ་སྐྱོང་འོག་ནར་སོན་) པའི་བུ་མགོན་པོ་ཚེ་རིང་གིས་ཀླུ་ཤོད་ཁྱུང་རུ་ཐང་དགོན་པ་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་གྱི་ལས་འགུལ་སྤེལ་ཏེ་སྐུ་གྲོངས་པའི་གནས་ཚུལ་བྱུང་འདུག
ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦།༣༠ ཙམ་དུ་དགོན་པར་མཆོད་མཇལ་དུ་འགྲོ་ཚུལ་བརྗོད་ཅིང་སྦག་སྦག་ཞོན་ནས་སྐེད་སྡེ་བའི་རང་ཁྱིམ་དང་བྲལ་ཏེ་སྤྱི་ལེ་ ༡༥ མཚམས་སུ་ཡོད་པའི་ཀླུ་ཤོད་དགོན་བཤད་སྒྲུབ་བསྟན་དར་གླིང་དུ་ཕྱིན། དེ་ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༢།༢༣ ཙམ་དུ་ཁྱུང་རུ་ཐང་ངམ་བཤད་སྒྲུབ་བསྟན་དར་དགོན་པའི་གླིང་དུ་རང་ལུས་མེར་སྲེག་བཏང་སྟེ། མི་རིགས་རང་དབང་དགོས། སྐད་ཡིག་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་གདན་འདྲེན་ཞུ་དགོས། ཞེས་སྐད་ཤུགས་ཆེན་པོས་ཡང་ཡང་སྐད་འབོད་གནང་འདུག་ལ། སྐབས་དེར་ཕྱོགས་སོ་སོ་ནས་དགེ་འདུན་པ་མང་པོ་ཞིག་དེར་ཕེབས་ཏེ་མེ་གསོད་ཐབས་གནང་ཡོད་ཀྱང་མེ་འབར་ཤུགས་ཆེ་དྲགས་པས་ནུས་པ་ཆེས་ཆེར་མ་བྱུང་བར། བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤།༤༣ ཙམ་དུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག ཁོང་གི་སྐུ་ཕུང་དགོན་པ་ནས་སྐེད་སྡེ་བར་གདན་འདྲེན་ཞུས་ཏེ་དགེ་འདུན་པ་རྣམས་ཀྱིས་བསྔོ་སྨོན་གསུང་འདོན་གནང་ཡོད་འདུག
རྒྱལ་གཅེས་པ་མགོན་པོ་ཚེ་རིང་ལགས་ནི་ད་ལྟ་རང་ལོ་ ༡༩ ཡིན་པ་དང་། རང་ལོ་༡༡ ནས་ཀླུ་ཤོད་སློབ་ཆུང་དུ་ཞུགས་ཏེ་མདོ་ལྷོ་གཙོད་བོད་རིགས་སློབ་འབྲིང་གི་འབྲིང་རིམ་འཛིན་གྲྭ་གཉིས་པ་བར་དུ་སློབ་གཉེར་གནང་ཞིང་། སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་དུའང་སློབ་མ་མིག་དཔེ་ཅན་ཞིག་དང་རྒྱུགས་འབྲས་རྩེ་ཕུད་ཀྱི་བྱ་དགའ་ཡང་ཐེངས་མང་ཐོབ་མྱོང་བ་ཞིག་ཡིན། ཁོང་ནི་དུས་རྒྱུན་དུ་ཡ་རབས་ཀྱི་གཤིས་ཀ་ལྡན་པ་ཞིག་ཡིན་པར་མ་ཟད། སློབ་གྲྭའི་རྩེད་རིགས་སོགས་རིག་རྩལ་གྱི་ཁྲོད་དུའང་ཐེངས་མང་ཞུགས་མྱོང་ཡོད། ཕྱིས་སུ་ཕྱི་ལོ་ ༢༠༡༡ ལོའི་ལོ་མཇུག་ཏུ་ཁྱིམ་ཐབ་བཟུང་སྟེ་ཆུང་མ་འབྲུག་མོ་ཕྱུག་དང་གཉེན་སྒྲིག་གནང་འདུག སློབ་གྲྭར་མུ་མཐུད་འགྲོ་མ་ཐུབ་ཀྱང་། ཁོང་གིས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༣ ཉིན་རང་སྡེ་བའི་ནང་ནས་སློབ་གསོ་དང་འབྲེལ་བའི་ཁ་ཤགས་སྒྱུ་རྩལ་གྱི་འཁྲབ་སྟོན་གནང་ཡོད་པར་མི་མང་སེམས་འགུལ་ཐེབས་པ་བྱུང་འདུག