༢༠༡༢ ཟླ་ ༡༡ ཚེས་ ༩ རེས་གཟའ་པ་སངས།
༄༅།། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག་ལྡི་ལི་བོད་སྒར་བསམ་ཡས་གླིང་བོད་ཁྱིམ་ཉིན་སློབ་ཚོགས་ཁང་དུ་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༧ ནས་ཚེས་ ༩ བར་ཉིན་གྲངས་གསུམ་རིང་བོད་མིའི་སློབ་གྲྭ་ཁག་ནང་མྱོས་རྫས་ངན་གོམས་སྔོན་འགོག་དང༌། བཅོས་ཐབས་ཀྱི་ཟབ་སྦྱོང་དང་བསྐྱར་ཞིབ་ཚོགས་འདུ་གནང་གཏན་འཁེལ་བ་བཞིན། ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་སློབ་འཛིན་ཚོགས་ཀྱི་འཛིན་རིམ་ ༡༢ ཅན་གྱི་སློབ་གྲ་ཁག་ ༨ ནས་སློབ་གྲའི་འགོ་འཛིན་ (Rector)དང༌། སློབ་དགེ། སློབ་གྲའི་འཕྲོད་བསྟེན་ཚོགས་ཆུང་གི་ཚོགས་མི་སློབ་ཕྲུག་འཐུས་མི་རེ་བཅས་མི་གྲངས་ ༡༧ དང༌། རྡ་ས་བོད་ཁྱིམ་ཁྱབ་ཁོངས་བོད་ཁྱིམ་ཁག་ ༧ ནས་སློབ་དགེ་དང་མདུན་ལམ་སློབ་སྟོན་པ། འབྲེལ་ཡོད་ལས་བྱེད། གོང་བཞིན་སློབ་ཕྲུག་གི་འཐུས་མི་རེ་བཅས་མི་གྲངས་ ༡༤ མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་མཆོག་དང་ཤེས་ཡོན་འགན་འཛིན་བཅས་མི་གྲངས་ ༢ སམ་བྷོ་ཊ་བོད་སློབ་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སྤོན་ཊ་གཏན་སློབ་དང༌། བདེ་སྐྱིད་གླིང་ཉིན་སློབ་བཅས་ནས་སློབ་སྤྱི་དང༌། སློབ་དགེ
སློབ་ཕྲུག་འཐུས་མི་བཅས་མི་གྲངས་ ༣ ཁྱོན་བསྡོམས་ཚོགས་བཅར་བ་མི་གྲངས་ ༣༦ ལ་ཉིན་གཉིས་རིང་རྒྱ་གར་ཁྱད་ལས་པ་ Dr.Pallav Bonerjee (Consultant Clinical Psychologist) and Dr.Gagandeep Kaur (Clinical Psychologist) གཉིས་ནས་སློབ་གྲྭ་ཁག་ནང་མྱོས་རྫས་ངན་གོམས་སྔོན་འགོག་དང་བཅོས་ཐབས་བྱེད་ཕྱོགས་ཀྱི་ཟབ་འཁྲིད་གནང་རྒྱུ་དང༌། ཉིན་མཐའ་མར་སྔོན་མའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང༌། བགྲོ་གླེང༌། ལེགས་སྤེལ་ཉེན་འགོག དེ་བཞིན་མ་འོངས་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐད་བཀའ་བསྡུར་གནང་རྒྱུ་བཅས། འཕྲོད་བསྟེན་ལས་ཁུངས་ནས། ༢༠༡༢ ཟླ་ ༡༡ ཚེས་ ༥ ལ།།