༢༠༡༢ ཟླ་ ༡༡ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་སླར་ཡང་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུར་བར་འཚམས་འདྲི་ཞུས་པ་དང་ཆབས་ཅིག འབྱུང་འགྱུར་བོད་དོན་ཐོག་བཟང་ཕྱོགས་ཀྱི་གྲུབ་འབྲས་ཐོན་ཆེད་ཨ་རིའི་སྲིད་གཞུང་གིས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་ཡོད།
དེ་ཡང་དགའ་བསུའི་འཚམས་འཕྲིན་དེའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་དོན། སླར་ཡང་འཛམ་གླིང་མི་མང་ཚོས་ཨ་རིའི་འོས་བསྡུ་ཆེན་མོར་དོ་སྣང་བྱེད་དགོས་པ་བཟོས་ཡོད། ཐེངས་འདིའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་བརྒྱུད་རིམ་ཁྲོད་ཨ་རིའི་རྒྱལ་ཁབ་གསར་འཛུགས་གནང་མཁན་མེས་པོ་ཚོས་གཏན་འབེབས་གནང་བའི་རིན་ཐང་གི་བྲག་ཆ་འཛམ་གླིང་མི་མང་ཚོས་གོ་ཐོས་བྱུང་ཡོད། སྐུ་ཉིད་མཆོག་བྱུང་རབས་ལོ་རྒྱུས་ལྡན་པའི་ཨ་རི་སྲིད་འཛིན་དུ་སླར་ཡང་འདེམས་ཐོན་བྱུང་བར་ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་སླར་ཡང་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་བ་དེས་སྐུ་ཉིད་ཀྱི་སྲིད་གཞུང་གི་སྲིད་བྱུས་ལ་མང་ཚོགས་ཀྱིས་ངོས་ལེན་དང་རྒྱབ་སྐྱོར་མཚོན་བཞིན་ཡོད་པ་ནི་སྨྲོས་མེད་ཡིན་པ་མ་ཟད། ཨ་རི་དང་འཛམ་གླིང་མི་མང་ཚོས་སྐུ་ཉིད་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྒྱུའི་རེ་བ་ཞུ་བཞིན་ཡོད། སྐུ་ཉིད་ཀྱི་དབུ་ཁྲིད་འོག་བོད་མི་རྣམས་ལ་ལྷག་བསམ་རྣམ་དག་གི་རྒྱབ་སྐྱོར་དང་བྱམས་བརྩེའི་གཟིགས་པ་ཐོབ་ཡོད། ཕྱི་ལོ་ ༢༠༠༨ ལོ་ནས་བོད་ནང་དེ་སྔ་བྱུང་མྱོང་མེད་པའི་ཞི་རྒོལ་ཆེན་མོ་བྱུང་ཡོད། བོད་ནང་བོད་མི་ཚོས་བསྟུད་མར་རང་ལུས་མེར་སྲེག་གཏོང་བཞིན་པའི་གནས་སྟངས་དེར་ང་ཚོས་སེམས་འཚབ་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད།
ང་ཚོས་སྐུ་ཉིད་མཆོག་གིས་ཕྱི་ལོ་ ༢༠༡༠ ལོར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་བའི་བཀའ་དྲིན་དང་ ཨ་རིའི་བོད་དོན་དམིགས་བསལ་འགྲེལ་མཐུད་པ་མཆོག་གིས་དཀའ་ཚེགས་ཆེ་བའི་བོད་དོན་ལས་འགུལ་སྤེལ་བ། དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་སྐུ་ཧི་ལི་རི་ཁི་ལིན་ཊོན་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་ཚོང་འབྲེལ་ལྷན་ཚོགས་ (APEC Summit) སྐབས་དང་། ཉེ་དུས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་ཚོགས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ལྷན་ཚོགས་སུ་ཕེབས་ཞོར་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཅེ་ཁྲི་(Yang Jiechi) དང་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་གླེང་གློང་གནང་བ་དེ་དག་ང་ཚོས་དགའ་སྤོབས་ཆེན་པོའི་ཐོག་ནས་དྲན་གསོ་ཞུ་བཞིན་ཡོད།
ལྷག་པར་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་སྐུ་ཞབས་གྷེ་རི་ལོཀ་(Gary Locke) མཆོག་གིས་བོད་མདོ་སྨད་ཨ་མདོ་རྔ་པར་འཚམས་གཟིགས་སུ་ཕེབས་པ་དང་། བོད་དོན་ཐོག་བསྒྲགས་གཏམ་སྤེལ་བ་སོགས་ནི་སྐུ་ཉིད་ཀྱི་སྲིད་གཞུང་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཆེད་རྒྱབ་སྐྱོར་གྱི་ཆོད་སེམས་བརྟན་པོ་འཛིན་བཞིན་ཡོད་པའི་མཚོན་རྟགས་གསལ་པོ་ཞིག་ཏུ་གྱུར་ཡོད་པར་བརྟེན། ང་ཚོར་སྙིང་སྟོབས་དང་བློ་སྤོབས་སྐྱེད་གཞིར་འགྱུར་ཡོད། སྐུ་ཉིད་ཀྱི་སྲིད་གཞུང་གིས་ཨ་རིའི་ཆབ་སྲིད་ཀྱི་འཛིན་སྐྱོང་ཐོག་ནུས་པ་ཡག་ཤོས་དེ་ད་ལྟ་འདོན་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་བ་བཞིན་ང་ཚོས་འབྱུང་འགྱུར་བོད་དོན་ཐོག་ལའང་སྔར་བས་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། ཅེས་འཁོད་ཡོད། འཚམ་འཕྲིན་ངོ་མ་དབྱིན་ཡིག་ནང་ཡོད་པ་ནས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་བསྒྱུར་ཞུས་པས་དབྱིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།