༢༠༡༢ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ས་སྐྱའི་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༡ པའི་ཚེས་ ༢༦ ཉིན་བཏང་གནས་ནང་འཁོད་དོན། དཔལ་ས་སྐྱ་གོང་མ་སྐྱབས་མགོན་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་མཆོག་ཨ་རི་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུ་དང༌། མཆོག་ཉིད་སྐུ་གཞོན་ནུའི་དུས་སུ་བོད་རྫོང་གསར་ཁམས་བྱེའི་བཤད་གྲ་ནས་གཞུང་ཆེན་ཁག་དང༌། སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཞལ་སྔ་ནས་གསང་ཆེན་ལམ་འབྲས་གཙོས་ཟབ་ཆོས་གསན་བསམ་གནང་མྱོང་ཡོད་པ་བཞིན། བྱེས་ཀྱི་རྫོང་གསར་བཤད་གྲ་ཆོས་ཀྱི་བློ་གྲོས་གསར་བཞེངས་ལ་སྤྱན་གཟིགས་རབ་གནས་ཆོས་འབྲེལ་གྱི་ཆེད་དུ། འདི་ཟླའི་ཕྱི་ཚེས་ ༡༥ ཉིན་རྒྱལ་ས་ལྡི་ལིར་སྐུ་ཉིད་ཀྱི་དགོན་པར་ཞབས་སོར་འཁོད་ཡོད་པ་རེད། དེ་ནས་འཁོར་ལམ་བརྒྱུད་ཕྱི་ཚེས་ ༡༨ ཉིན་དཔལ་ས་སྐྱ་གོང་མ་སྐྱབས་མགོན་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་སྐུ་འཁོར་རྣམས་ཉིན་རྒྱབ་ཆུ་ཚོད་ ༤ པའི་ཐོག་རྡ་ས་ནོར་གླིང་འཆི་མེད་དགའ་ཚལ་གླིང་དུ་ཞབས་སོར་འཁོད་སྐབས། ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་དང༌། ས་སྐྱའི་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་ལགས། སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་སེར་སྐྱ་མང་པོས་ཕེབས་བསུ་ཞུས་ཡོད།
ཕྱི་ཚེས་ ༡༩ སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་བདག་ཆེན་རིན་པོ་མཆོག་དང༌། རྒྱལ་ཡུམ་འཇམ་དབྱངས་དཔལ་མོ། གདུང་སྲས་ཛྲ་ཡ་རིན་པོ་ཆེ། གདུང་སྲས་ཨ་བྷི་ཥི་ཏ་བཛྲ་རིན་པོ་ཆེ། གདུང་སྲས་ཨ་སངྒ་བཛྲ་རིན་པོ་ཆེ། གདུང་སྲས་ཨ་བྷ་ཡ་རིན་པོ་ཆེ། ས་སྐྱའི་སྤྱི་འཐུས་བཅས་སྐུ་འཁོར་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད། ཕྱི་ཚེས་ ༢༠ ཉིན་འཆི་མེད་དགའ་ཚལ་གླིང་དུ་མི་མང་ལ་ཚེ་དབང་དང༌། རང་ལུས་མེར་སྲེག་གཏོང་མཁན་སྐུ་གཤེགས་དཔའ་བོ་དཔའ་མོ་རྣམས་ལ་སྨོན་ལམ་མཆོད་འབུལ་གཟབ་རྒྱས་གནང་ཡོད། ཕྱི་ཚེས་ ༢༢ ཕྱི་དྲོ་ཆུ་ཚོད་ ༢ པའི་ཐོག་བདག་ཆེན་རིན་པོ་སྐུ་འཁོར་རྣམས་སྦིར་དགོན་ཁག་དྲུག་གི་སྐུ་ཚབ་དང༌། ས་སྐྱའི་སྤྱི་འཐུས་བཅས་ནས་ནོར་གླིང་ནས་སྦིར་དུ་གདན་འདྲེན་ཞུས་ཏེ། བྷེ་ཇི་ན་ཐ་རི་མགོར་འབྱོར་སྐབས། སྦིར་གཞིས་ཁག་གསུམ་གྱི་ས་གནས་འགོ་འཛིན་དང༌། ས་འཐུས། རང་ཚོགས། སློབ་གྲ་ཁག དགོན་སྡེ་ཁག་གི་མཁན་སྤྲུལ། ཕྱོགས་བཞུགས་སྤྱི་འཐུས། སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་མཆོག་གི་དབུས་ས་རྙིང་བསྟན་བདག་བླ་ཆེན་རྣམ་པ་དང༌། སེར་སྐྱ་མི་མང་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཅོན་ཏ་ར་འབྲི་གུང་བུམ་མང་དགོན་པ། ས་སྐྱ་འབྲི་རུ་དགོན་པ། རྙིང་མ་དཔལ་ཡུལ་ཆོས་འཁོར་གླིང་དགོན་པ། བསྟན་རྒྱས་མཆོག་གླིང་དགོན་པ། ཟབ་གསང་ཆོས་འཁོར་གླིང་དགོན་པ། སྦིར་སྡེ་དགེ ཅོན་ཏ་ར་སཾ་བྷོ་ཊ་གཏན་ཉིན་སློབ་གྲ རྫོང་གསར་བཤད་གྲ་བཅས་ནས་སྒོ་ཆེན་རྒྱས་འཛུགས་དང༌། སེར་སྐྱ་མི་མང་སུམ་སྟོང་ཙམ་གྱིས་ཕེབས་བསུའི་སེར་སྦྲེངས་གཟབ་རྒྱས་ཞུས་ཡོད། ཕྱི་ཚེས་ ༢༣ དང་ ༢༤ ཉིན་གཉིས་ཀྱི་སྔ་དྲོ་རྫོང་གསར་བཤད་གྲར་སེར་སྐྱ་མི་མང་དྲུག་སྟོང་ཙམ་ལ་ས་སྐྱ་བདག་ཆེན་རིན་པོ་ཆེ་མཆོག་གིས་རྡོ་རྗེ་ཕུར་པའི་རྗེས་གནང་དང༌། གུ་རུ་རིན་པོ་ཆེའི་རྗེས་གནང༌། ཕྱི་དྲོ་ྋསྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་གདམས་ངག་མཛོད་གནང་མུས་ཡིན་པ་ལྟར། ཇོ་བོ་བཀའ་གདམས་པའི་བློ་སྦྱོང་ཆོས་བསྐོར་རྣམས་གནང་ཡོད། ཕྱི་ཚེས་ ༢༥ ཉིན་སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་སྦིར་ས་གནས་འགོ་འཛིན་གསུམ་དང༌། ས་སྐྱའི་སྤྱི་འཐུས་རྣམ་གཉིས། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག ས་རྙིང་བསྟན་བདག་བླ་ཆེན་རྣམ་པས་གཟིམ་དཀྱིལ་ནས་དཔལ་ས་སྐྱ་གོང་མ་སྐྱབས་མགོན་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་མཆོག་གདན་དྲངས་ཏེ། རྫོང་གསར་བཤད་གྲའི་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱིས་དགའ་ཚལ་གྱི་བཞུགས་ཁྲིར་ཞབས་སོར་འཁོད་བསྟུན།
འདུས་མང་ཡོངས་ནས་མདོ་ལུགས་བརྟན་བཞུགས་དབུ་འཛུགས་གནང་ཡོད་པ་དང༌། ཆོག་གི་བབས་དང་བསྟུན་ནས། རྫོང་གསར་མཁན་པོ་ཁྲི་པ་མཁན་ཆེན་འཇམ་དབྱངས་བློ་གསལ་མཆོག་དང༌། མཁན་ཟུར་རིན་ཆེན་རྣམ་གཉིས་ནས་མཎྡལ་གྱི་མཐའ་གཉིས་བཏེགས་ཤིང༌། གདུང་སྲས་ཨ་བྷིར་ཥི་ཏ་བཛྲ་རིན་པོ་ཆེ་མཆོག་ནས། མཎྡལ་སོར་བདུན་མ་ལྗགས་བཤད་དང་འབྲེལ་འདེགས་འབུལ་ཞུས་རྗེས། གདུང་སྲས་ཨ་སངྒ་བཛྲ་རིན་པོ་ཆེ། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ། སྐྱབས་རྗེ་ངོར་ཐར་རྩེ་མཁན་རིན་པོ་ཆེ། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ས་སྐྱའི་སྤྱི་འཐུས་མཁན་པོ་ནོར་བུ་ཚེ་རིང་ལགས། དགེ་བཤེས་ག་ཟི་ཚེ་རིང་པོ་རྣམ་གཉིས་བཅས་ནས་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། དཔལ་སྤུངས་ཤེས་རབ་གླིང་གི་གཙོས་ས་གནས་དགོན་སྡེ་ཁག་བདུན། གཞིས་ཆགས་ཁག་གསུམ། སློབ་གྲ་ཆེ་ཁག་གསུམ་དང་བཅས་གཞུང་འབྲེལ་དང༌། གཞུང་འབྲེལ་མ་ཡིན་པའི་མཛད་གཙོ་ལས་ཟུར་རྣམ་པ་དང༌། མཁན་སྤྲུལ་གྲ་བཙུན་སྔགས་གསུམ། དེ་བཞིན་ཕྱི་ནང་ཆོས་ཞུ་བ་མི་མང་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༥༩༧༥ ཙམ་གྱིས་ས་སྐྱ་གོང་མ་སྐྱབས་མགོན་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༥ ལ་བཞེས་པའི་སྐུའི་འཁྲུངས་སྐར་ལ་བརྟན་བཞུགས་གཟབ་རྒྱས་ཕུལ་ཡོད།
རྒྱལ་ཡུལ་འཇམ་དབྱངས་དཔལ་མོ་མཆོག་གིས་སྐུ་ཡི་འཁྲུངས་སྐར་དང་འབྲེལ་བའི་གསུང་བཤད་གནད་བསྡུས་གནང་རྗེས། ཅོན་ཏ་ར་བོད་ཁྱིམ་སློབ་གྲྭ་ནས་ལྷ་མོ་འགྲོ་བ་བཟང་མོའི་འཁྲབ་གཞུང་འཁྲབ་སྟོན་ཞུས་རྗེས། རང་ལུས་མེར་སྲེག་གིས་ལམ་ནས་སྐུ་གཤེགས་དཔའ་བོ་དཔའ་མོ་རྣམས་ལ་ཐུགས་སྨོན་མཆོད་འབུལ་རྒྱ་ཆེན་གནང་སྟེ་མཛད་སྒོ་ལེགས་གྲུབ་བྱུང་ཡོད། ཕྱི་ཉིན་སྔ་དྲོ་སྐུ་འཁོར་རྣམས་ལྡི་ལིར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག་པ་དང༌། དེ་ནས་རིམ་པས་ལྡེ་ར་ལྡུན་ས་དགོན་ཁག་ནས་གདན་ཞུས་ལྟར་ཆིབས་སྒྱུརགནང་རྒྱུ་ཡིན་འདུག་པ་བཅས།