༢༠༡༢ ཟླ་ ༡༡ ཚེས་ ༢༡ རེས་གཟའ་ལྷག་པ།
ཨེ་ཤི་ཡའི་རང་དབང་རླུང་འཕྲིན་དང་འབྲེལ་བའི་ཉེས་འཛུགས་ཁག་ལ་སྲིད་སྐྱོང་བློ་བཟང་སེང་གེའི་བསྒྲགས་གཏམ།
༄༅།། ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ནང་ཁུལ་གནད་དོན་སྐོར་ལ་བོད་མིའི་སྒྲིག་འཛུགས་དང་ཕྲན་གྱི་མིང་དེའི་ནང་དྲུད་འདུག་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན། རླུང་འཕྲིན་ཁང་གི་ལས་བྱེད་པའི་གནད་དོན་སྐོར་ཕྲན་ནས་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ལྕམ་ལེའུ་འམ། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སུ་ལའང་འབྲེལ་བ་བྱེད་མྱོང་མེད་ཅེས་ཚིག་ཐག་ཆོད་པོས་ཞུ་རྒྱུ་ཡིན། དེར་བརྟེན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་འཛིན་སྐྱོང་གནད་དོན་དང་ང་ཕོད་འཇིགས་མེད་སྐོར་ཕྲན་ལ་འབྲེལ་བ་གང་ཡང་མེད་པས། ལས་བྱེད་སྐོར་ཐེ་བྱུས་བྱས་པའི་ཉེས་འཛུགས་དེ་གཞི་རྩ་གཏན་ནས་མེད་པ་ཞིག་རེད།
བོད་མིའི་སྒྲིག་འཛུགས་ནང་རོགས་དངུལ་བེད་ལོག་བྱས་རིགས་གཏན་ནས་མེད་པར་ཕྱི་གསལ་ནང་གསལ་ཡིན་པར་ང་ཚོར་གདེང་སྤོབས་ཆེན་པོ་ཡོད། སྤྱི་ཚོགས་བདེ་དོན་དང་འཛུགས་སྐྲུན་ཆེད་གནང་སོན་བྱུང་བའི་རོགས་དངུལ་ཨ་སྒོར་རེ་རེ་བཞིན་རྩིས་ཞིབ་འཕེར་བ་ཡོད་པ་མ་ཟད། རོགས་ཚོགས་སོ་སོར་རྩིས་ཁྲ་འབུལ་དགོས་ལྟར་རོགས་དངུལ་བེད་སྤྱོད་ཇི་བཏང་གི་རྩིས་ཁྲ་ཆ་ཚང་དང་ཁ་གསལ་འབུལ་བཞིན་ཡོད།
ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནི་སྤྱིར་བོད་མི་ཡོངས་དང༌། ཁྱད་པར་ཕྱོགས་ལྷུང་མེད་པའི་གནས་ཚུལ་དུས་ཐོག་ཤེས་རྟོགས་བྱ་རྒྱུའི་གོ་སྐབས་མེད་པའི་བོད་ནང་གི་བོད་མི་ཚོར་དངོས་ཡོད་གནས་ཚུལ་ཧེ་བག་མེད་པར་མཁོ་འདོན་བྱེད་ཆེད་དུ་བཙུགས་པ་ཞིག་རེད། ཕྲན་ནས་ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གིས་གལ་ཆེའི་ལས་དོན་འདིའི་ཐོག་དངུལ་དངོས་ཀྱི་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།
ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༡
འབྲེལ་བ་བྱ་ཡུལ། བློ་བཟང་ཆོས་གྲགས། +༩༡ ༩༨༨༢༢༣༢༤༧༦