༢༠༡༢ ཟླ་ ༡༡ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཟླ་བའི་ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦།༠༠ ཡས་མས་སུ་བོད་མདོ་སྨད་ཀན་ལྷོ་ཀླུ་ཆུའི་ཨ་ལ་སྦོག་ཚ་སྡེ་བ་ནས་རང་ལོ་ ༢༤ ཡིན་པའི་རྒྱལ་གཅེས་པ་མགོན་པོ་ཚེ་རིང་ལགས་ཀྱིས། ཀླུ་ཆུ་རྫོང་ཨ་ལ་དེའུ་མགོ་དགོན་པའི་ཚོགས་ཆེན་འདུ་ཁང་གི་མདུན་དུ། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས། ཞེས་སྐད་འབོད་གནང་ཐོག་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག
རྒྱལ་གཅེས་པ་ཁོང་གི་ཕ་རང་ལོ་ ༤༥ སོན་པ་དབང་རྒྱལ་ལགས་དང་། མ་རང་ལོ་ ༤༣ སོན་པ་རྣམ་ལོ་ལོ་ཡིན་འདུག ཁོང་གི་བཟའ་ཟླའི་མིང་ལ་རྣམ་རྒྱལ་སྒྲོལ་མ་འབོད་པ་ད་ལྟ་རང་ལོ་ ༢༦ ཡིན་འདུག ཁོང་བཟའ་མི་གཉིས་ལ་རང་ལོ་ ༦ ཡིན་པའི་བུ་ཚེ་རིང་བསམ་འགྲུབ་དང་། རང་ལོ་ ༣ ཡིན་པའི་བུ་མོ་ཚེ་རིང་སྒྲོལ་མ། རང་ལོ ༢ ཡིན་པའི་བུ་མོ་ཚེ་རིང་ལྷ་མོ་བཅས་བྱིས་པ་གསུམ་ཡོད་འདུག་པ་བཅས།།