༢༠༡༢ ཟླ་ ༡༡ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༧ རེས་གཟའ་མིག་དམར་ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་གྲོང་ཁྱེར་ཏུམ་ཀུར་ནང་རྟེན་གཞི་བྱས་པའི་ཏུམ་ཀུར་གཙུག་ལག་སློབ་གྲྭས་ Tumkur University ཕུལ་བྱུང་གཙུག་ལག་སློབ་དཔོན་གྱི་ཕྱག་འཁྱེར་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུ་རྒྱུ་ཡིན་འདུག ཐེངས་འདིར་༸གོང་ས་མཆོག་ལ་ཕུལ་བྱུང་གཙུག་ལག་སློབ་དཔོན་གྱི་ཕྱག་འཁྱེར་འདི་བཞིན་འབུལ་ལམ་ཞུ་དགོས་པའི་རྒྱུ་མཚན་ནི་མགོན་པོ་གང་ཉིད་མཆོག་གིས་སྐུ་ཆེ་བའི་ཡོན་ཏན་ལ་བསྔགས་བརྗོད་ཞུ་བ་ཙམ་མ་ཟད། འགྲོ་བ་མིའི་བདེ་དོན་ལ་སྨིན་པའི་མཛད་རྗེས་ལ་ངོས་འཛིན་ཞུས་པ་ཞིག་ཡིན་སྐོར་གཙུག་ལག་སློབ་གྲྭའི་ཉེ་བའི་རིག་བདག་སྐུ་ཞབས་ཤར་མ་ལགས་ཀྱིས་གསར་འགོད་པར་རེས་གཟའ་ལྷག་པའི་ཉིན་འགྲེལ་བརྗོད་གནང་འདུག
དེ་ཡང་ཉིན་དེར་གཙུག་ལག་སློབ་གྲྭར་དེང་དུས་ཤེས་ཡོན་ལམ་ལུགས་ནང་རྣལ་འབྱོར་ཉམས་ལེན་གྱི་ཐབས་ལམ། (International Conference on Yoga in Education) ཞེས་རྒྱལ་སྤྱིའི་ལྷན་ཚོགས་དེ་བཞིན་༸གོང་ས་མཆོག་གིས་དབུ་འབྱེད་མཛད་རྒྱུ་མ་ཟད། མཛད་སྒོའི་སྐབས་གོང་བརྗོད་གཙུག་ལག་སློབ་གྲྭས་མགོན་པོ་གང་ཉིད་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་དེ་བཞིན་འབུལ་ལམ་ཞུ་རྒྱུ་ཡིན་འདུག
ཕྱོགས་མཚུངས་སྐབས་དེར་༸གོང་ས་མཆོག་དབུ་བཞུགས་ཐོག་ཏུམ་ཀུར་གཙུག་ལག་སློབ་གྲྭ་དང་Tumkur University གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་རྒྱལ་སེར་བྱེས་མཁས་སྙན་གྲྭ་ཚང་ Sera Jey Monastic University དབར་ཤེས་ཡོན་བརྗེ་ལེན་ཐོག་མོས་མཐུན་གྱི་གན་རྒྱ་ཞིག་ཀྱང་འཇོག་རྒྱུ་ཡིན་འདུག་པ་དང། དེ་རྗེས་༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་སྐྲུན་ཐབས་ A human approach to world peace ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༨ ཉིན་༸གོང་ས་མཆོག་མུམ་བྷེ་ (Mumbai) གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་སྲོག་ཆགས་སྲུང་སྐྱོབ་ཚོགས་པའི་ ( Humane Society for International) ༢༠༡༢ ལོའི་བྱམས་སྙིང་རྗེ་ཉིན་མོ་སྲུང་རྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་གྱིས་བཀའ་སློབ་གསུང་བཤད་སྩལ་རྗེས་ཕྱི་ཚེས་ ༢༩ ཉིན་མོན་གྷོ་གཞིས་ཆགས་སུ་ཆིབས་སྒྱུར་བསྐྱངས་རྒྱུ་ཡིན་འདུག་པ་བཅས།།