༢༠༡༢ ཟླ་ ༡༡ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཡི་ཤུའི་གཙུག་ལག་སློབ་གཉེར་ཁང་ (Christ University) གི་ཚོགས་ཁང་དུ་ཆོས་དང་ཚན་རིག ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་སྩལ་ཡོད།
དེ་ཡང་ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༡།༤༥ ཐོག་༸གོང་ས་མཆོག་གཙུག་ལག་སློབ་གཉེར་ཁང་དེའི་རྒྱལ་སྒོའི་མདུན་དུ་བོད་རིགས་སློབ་ཕྲུག་གིས་གྲོ་སོ་ཕྱེ་མར་དང་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་ལམ་ནས་ཕེབས་བསུ་དང་རྒྱ་གར་སློབ་ཕྲུག་གི་དགའ་བསུའི་ཕེབས་བསུ་དང་མཐོ་སློབ་དེའི་ཚོགས་ཁང་ཆེན་མོའི་ནང་དགེ་ལས་སློབ་ཕྲུག་ཁྱོན་མི་གྲངས་ ༢༥༠༠ བརྒལ་བ་ལྷན་འཛོམས་ཀྱིས་ཐོག་མར་སྣང་གསལ་ཞལ་ཕྱེ་མཛད་སྒྲུབ་བསྟུན། རྒྱ་གར་སློབ་ཕྲུག་ཁག་གཅིག་ནས་ཕེབས་བསུའི་མཉམ་གཞས་ཞིག་ཕུལ་རྗེས་སྐུ་ཞབས་ཐོ་མ་སི་ཨ་ཡ་ཀ་མཆོག་ (Fr Thomas Ayaka) གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ངོ་སྤྲོད་དང་ཕེབས་བསུའི་གསུང་བཤད་གནང་རྗེས་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན།
ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་མཚུངས་ཡིན་པ་ལས་ངོས་རང་དམིགས་བསལ་བ་ཞིག་གང་ཡང་མིན། ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་ང་ཚོ་ཚང་མ་འགྲོ་མ་མི་རིགས་ཐེར་འབུམ་བདུན་ཡོད་པ་གཅིག་མཚུངས་ཤིག་ཆགས་ཡོད། རང་ལོ་ ༣༠ མས་ཀྱི་གཞོན་སྐྱེས་ཚོ་དུས་རབས་ ༢༡ མི་རབས་ངོ་མ་དེ་ཆགས་ཡོད། རང་ལོ་ ༦༠ བརྒལ་ཟིན་པ་རྣམས་འདས་ཟིན་པའི་དུས་རབས་ ༢༠ པའི་མི་རབས་ཆགས་ཡོད། འདས་ཟིན་པའི་བྱུང་རབས་ལས་ང་ཚོས་བློ་སྐྱེད་ལེན་ཐུབ་ཀྱང་བསྐྱར་འདབས་བྱ་ཐབས་མེད། འོན་ཀྱང་མ་འོངས་པའི་དུས་དེ་འཆར་རྒྱུ་ཡིན་པར་བརྟེན་མ་འོངས་པ་ཇི་འདྲ་བྱུང་མིན་ནི་ད་ལྟའི་བྱ་ཕྱོགས་ལ་རག་ལུས་ཡོད། རྒྱུ་མཚན་དེར་བརྟེན་ང་ཚོས་འབྱུང་འགྱུར་འཛམ་གླིང་སྤྱི་ཚོགས་བཟང་དུ་གཏོང་རྒྱུའི་ནུས་པ་ཡོད། ང་ཚོས་སེམས་ནང་ཞི་བདེ་གོང་མཐོར་བཏང་བ་བརྒྱུད་ནས་འཛམ་གླིང་སྤྱི་ཚོགས་བཟང་དུ་གཏོང་ཐུབ་རྒྱུ་ལས་དྲག་པོའི་དབང་ཤུགས་དང་དངུལ་སོགས་ཀྱིས་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་ཐབས་མེད། འཛམ་གླིང་འགྱུར་བ་གཏོང་རྒྱུ་ཟེར་བ་དེ་ལས་དོན་ཧ་ཅང་རྒྱ་ཆེན་པོ་ལྟ་བུ་མངོན་ཡང། ཞི་བདེ་ནི་འགྲོ་བ་མིས་བསྒྲུབ་དགོས། མི་སྒེར་པ་མང་པོ་མཉམ་དུ་ཚོགས་པ་དེར་འགྲོ་བ་མིའི་སྤྱི་ཚོགས་བརྗོད་བཞིན་ཡོད། དེར་བརྟེན་གལ་ཏེ་མི་སྒེར་རེ་རེའི་སེམས་ནང་ཞི་བདེ་བསྐྲུན་ཐུབ་པ་བྱུང་ཚེ་རང་གི་གྲོགས་པོ་གྲོགས་མོ་སོགས་ལ་ཞི་བདེའི་བསམ་བློ་སྤེལ་ཏེ་རིམ་བཞིན་ཇེ་མང་དུ་སྤེལ་བ་བརྒྱུད་ཞི་བདེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་རྒྱུ་ཡིན། གཞོན་སྐྱེ་ཁྱེད་རང་ཚོ་ནི་ང་ཚོའི་རེ་བ་བཅོལ་ས་ཆགས་ཡོད། ཁྱེད་ཚོར་འཛམ་གླིང་ཞི་བདེ་ལྡན་པ་ཞིག་བཟོ་རྒྱུའི་འཆར་སྣང་དགོས།
དེང་སྐབས་ང་ཚོས་ཕྱི་དངོས་པོའི་དཔལ་འབྱོར་ལ་དོ་སྣང་ཧ་ཅང་ཆེན་པོ་སྤྲོད་བཞིན་ཡོད་པ་ལས་འགྲོ་བ་མིའི་ནང་གི་བཟང་པོའི་རིན་ཐང་དེ་དག་ལ་དེ་ཙམ་དོ་སྣང་སྤྲོད་ཀྱི་མེད། ང་ཚོས་མིའི་སྤྱི་ཚོགས་ནང་དབུལ་ཕྱུག་གི་བར་ཁྱད་ཇེ་ཉུང་ཐོག་འདྲ་མཉམ་ཡོང་ཐབས་གང་ཐུབ་བྱེད་དགོས་པ་མ་ཟད། ལྐོག་ཟ་རུལ་སྲུངས་ནི་སྤྱི་ཚོགས་ནང་སྐྲན་ནད་ལྟ་བུ་ཆགས་ཡོད། ལྐོག་ཟ་རུལ་སྲུངས་དེས་མིའི་ནང་བཟང་སྤྱོད་ཀྱི་བསམ་བློ་མ་འདང་བ་མཚོན་བཞིན་ཡོད། ཅེས་བཀའ་སློབ་སྩལ་ཡོད།
ཡང་ཆོས་དང་ཚན་རིག་སྐོར་བཀའ་སློབ་སྩལ་དོན། ཆོས་དེ་མིའི་སེམས་ཚོར་དང་ཚན་རིག་ནི་མིའི་ཀླད་པར་འབྲེལ་བ་ཆེ་བ་ཡོད། ཚན་རིག་ནི་ཚོད་ལྟ་དང་རིག་པས་དཔྱད་པ་བྱེད་རྒྱུ་ལས་ཕྱིའི་སྣང་ཚུལ་ཙམ་ལ་ཆ་འཇོག་བྱེད་ཀྱི་མེད། འོན་ཀྱང་ཚན་རིག་པ་ཚོས་དངོས་པོའི་རྣམ་གཞག་ཆ་ཚང་ཤེས་ཀྱི་མེད། ཚན་རིག་པ་ཚོས་གཙོ་བོ་ཕྱི་དངོས་པོ་གཟུགས་ཅན་རག་པ་རྐྱང་པའི་ཐོག་བསམ་བློ་བཏང་བ་ལས་ནང་ཤེས་པའི་རྣམ་གཞག་ཐོག་ཁོང་ཚོའི་ཤེས་བྱ་ཡོན་ཏན་དེ་ཚད་ངེས་ཅན་ཞིག་ཡིན། འོན་ཀྱང་དེང་སྐབས་ཚན་རིག་པ་ཚོས་སེམས་ལ་སྦྱོང་བརྡར་སྤྲད་པ་བརྒྱུད་ཀླད་པར་འགྱུར་བ་གཏོང་ཐུབ་ཀྱི་ཡོད་པ་དང། ལྷག་པར་དུ་ཚན་རིག་པ་ཚོས་བྱམས་པ་དང་བརྩེ་བ།
གཞན་ཕན་གྱི་བསམ་པ་སོགས་ཀྱིས་མིའི་ལུས་སེམས་གཉིས་ལ་ཕན་ཐོགས་ཡོང་བཞིན་ཡོད་པ་ཚོད་ལྟའི་ལམ་ནས་དངོས་ར་འཕྲོད་ཡོད། མི་ཡག་པོ་ཞིག་ཆགས་པར་ངེས་པར་དུ་ཆོས་ཁས་ལེན་བྱེད་དགོས་ཀྱི་མེད།
ཆོས་ཁས་ལེན་བྱས་ཕྱིན་ཡི་ཤུའི་ཆོས་པ་སྐུ་ཞབས་ཐོ་མ་སི་མར་ཊོན་དང་ (Thomas Merton) ཨ་མ་ཊེ་རེ་ས་ (Mother Teresa) ལྟ་བུ་བྱེད་དགོས། ཡི་ཤུའི་བླ་ཆེན་སྐུ་ཞབས་པོབ་ (Pope) མཆོག་གིས་ཆོས་དང་ཚན་རིག་ཟུང་འབྲེལ་ཐོག་ནས་འགྲོ་དགོས་སྐོར་གསུངས་པ་དེ་མགོན་པོ་གང་ཉིད་མཆོག་གིས་ཐུགས་མཐུན་མཛད་བཞིན་ཡོད་སྐོར་བཀའ་སློབ་སྩལ་རྗེས། ༸གོང་ས་མཆོག་གིས་སྐུ་ཚེའི་མཛད་ཁུར་གཙོ་བོ་གསུམ་གྱི་ཐོག་བཀའ་སློབ་སྩལ་བསྟུན་སློབ་ཕྲུག་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ་གྲུབ་མཚམས། གཙུག་ལག་སློབ་གཉེར་ཁང་དེའི་ནང་ཡོད་པའི་བོད་རིགས་སློབ་ཕྲུག་ཁག་གཅིག་གིས་རྒྱ་གར་ཐུགས་རྗེ་ཆེ། ཞེས་པའི་མཉམ་གཞས་ཕུལ་རྗེས་ཨ་ནིལ་པིན་ཊུ་ (Dr. Anil Pinto) ལགས་ཀྱི་ཐུགས་རྗེ་ཆེ་ཞུས་རྗེས་གཙུག་ལག་སློབ་གཉེར་ཁང་དེའི་རོལ་ཆ་རུ་ཁག་ནས་རྒྱ་གར་རྒྱལ་གླུ་ཕུལ་ཏེ་མཛད་སྒོ་གྲོལ། གཙུག་ལག་སློབ་གཉེར་ཁང་དེར་བོད་རིགས་སློབ་གཉེར་བ་ལྔ་བཅུ་ང་གཅིག་ཙམ་ཡོད་འདུག་པ་བཅས།།