༢༠༡༢ ཟ་ ༡༡ ཚེས་ ༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཏཱ་ལའི་བླ་མའི་མཚན་ཐོག་གི་དྲ་གནས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་འབར་མའི་ནང་དུ་ནང་པ་དང་ཁ་ཆེ་སྐྱབས་བཅོལ་བའི་དབར་འཁྲུག་རྩོད་ཀྱི་དོན་རྐྱེན་བྱུང་བའི་ཐོག་ཧ་ཅང་ཐུགས་འཚབ་ཆེན་པོ་མཛད་བཞིན་ཡོད་པའི་གསུང་འཕྲིན་ཞིག་སྩལ་བའི་སྐོར་གནས་ཚུལ་སྤེལ་བའི་ནང་འཁོད་དོན།
དེ་སྔ་ཤྲི་ལང་ཀ་དང་ཏ་མིལ་མི་རིགས་གཉིས་དབར་འཁྲུག་རྩོད་ཀྱི་དོན་རྐྱེན་བྱུང་སྐབས། ༸གོང་ས་མཆོག་གིས་ཤྲི་ལང་ཀའི་སྲིད་གཞུང་ལ་དཀའ་ངལ་དེ་དག་ཚུལ་མཐུན་བཟང་སྤྱོད་ཀྱི་ལམ་ནས་སེལ་ཐབས་གནང་དགོས་པའི་འབོད་སྐུལ་མཛད་ཡོད། དེ་དང་ཕྱོགས་མཚུངས་ཉེ་ལམ་མགོན་པོ་གང་ཉིད་མཆོག་གིས་འབར་མའི་མང་གཙོ་དོན་གཉེར་བ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཨང་སང་སུ་ཀི་ (Daw Aung San Suu Kyi) མཆོག་ལ་གསུང་འཕྲིན་ཐེངས་གཉིས་སྩལ་བ་བརྒྱུད། འབར་མའི་རཀ་ཁིན་ཞིང་ཆེན་ནང་(Rakhine province) དུ་གནས་སྡོད་བྱེད་བཞིན་པའི་རོ་ཧིང་གྱ་ (Rohingya) ཁ་ཆེ་སྐྱབས་བཅོལ་བ་རྣམས་ཀྱི་དཀའ་ངལ་རྣམས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་སེལ་ཐབས་ཆེད་ལྕམ་སྐུ་མཆོག་གིས་ནུས་པ་གང་ཡོད་འདོན་གནང་དགོས་པའི་འབོད་སྐུལ་མཛད་ཡོད། དེ་ཡང་ལྡི་ལིའི་སྐུ་ཚབ་དོན་གཅོད་ནས་ཀྱང་འབར་མའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་འཕྲད་བཞིན་པའི་དཀའ་ངལ་དེར་༸གོང་ས་མཆོག་གིས་ཐུགས་འཚབ་ཇི་ལྟར་མཛད་བཞིན་ཡོད་པའི་རྣམ་པ་གསལ་སྟོན་ཆེད། ཁུལ་དེར་རྟེན་གཞི་བྱས་པའི་འབར་མའི་གཞུང་ཚབ་པ་མཆོག་དང་མཇལ་འཕྲད་གནང་ཐབས་བྱས་ཡོད།
དེ་ཡང་ཉེ་ལམ་ཞུགས་སྒར་དུ་ཁ་ཆེའི་གཙུག་ལག་སློབ་གྲྭ་ཇཱ་མི་ཡ་མི་ལི་ཡ་ཨི་སི་ལཱ་མིཡ་Jamia Millia Islamia University in New Delhi ཞེས་པའི་སློབ་ཕྲུག་དང་ལས་བྱེད་ཁག་གཅིག་གིས་མཚོན། འབྲེལ་ཡོད་ཚོགས་པའི་མི་སྣ་ཁག་གཅིག་གིས་༸གོང་ས་མཆོག་མཇལ་ཁར་བཅར་ཏེ་འབར་མའི་ནང་ལྷིང་འཇགས་ཡོང་ཆེད་འབོད་སྐུལ་མཛད་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་འབར་མའི་ནང་ཐུགས་འདྲིས་ཡོད་པའི་དབུ་ཁྲིད་ནི་ལྕམ་སྐུ་ཨང་སང་སུ་ཀི་ཁོ་ན་ཡིན་པ་དང། ཁོ་མོར་༸གོང་ས་མཆོག་གིས་འབར་མའི་གནད་དོན་ཐོག་ཐུགས་འཚབ་ཡོད་པའི་གསུང་འཕྲིན་སྩལ་ཟིན་སྐོར་སོགས་གསལ་བཤད་མཛད་ཡོད། སྐབས་དེར་ཁ་ཆེའི་སྐུ་ཚབ་འགའ་རེས་༸གོང་ས་མཆོག་སྐུ་དངོས་འབར་མའི་ནང་ཆིབས་སྒྱུར་བསྐྱང་སྟེ་བརྟན་ལྷིང་སྐྲུན་ཐབས་མཛད་དགོས་པའི་གསོལ་འདེབས་ཀྱང་ཞུས་ཡོད། གལ་ཏེ་གོ་སྐབས་དང་ཕན་ཐོགས་བྱུང་ཚེ་མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་ནང་དཀའ་ངལ་འཕྲད་བཞིན་པའི་ས་ཁུལ་དེ་དག་ཚང་མའི་ནང་ཆིབས་སྒྱུར་བསྐྱང་རྒྱུའི་དགོངས་བཞེད་མཛད་བཞིན་ཡོད་པ་མ་ཟད། ད་བར་རྒྱལ་ཁབ་མང་པོའི་ཤེས་ཡོན་བསྟི་གནས་ཁང་དང་དེ་བཞིན་འབྲེལ་ཡོད་ཚོགས་པ་མང་པོས་༸གོང་ས་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཁུལ་དེ་དག་ཏུ་ཡང་ཡང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་དང་སྐྱོང་མུས་ཡིན།
འོན་ཀྱང་ཨེ་ཤི་ཡའི་རྒྱལ་ཁབ་འགའ་ཤས་ནང་ཆབ་སྲིད་ཀྱི་དམ་བསྒྲགས་ལ་བརྟེན་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་ཐབས་བྲལ། རྒྱལ་ཁབ་དེ་དག་ཁོངས་སུ་འབར་མ་ཡང་ཚུད་ཡོད་པ་ནི་བློ་ཕམ་ཞིག་ཏུ་གྱུར། གནས་སྟངས་དེ་དག་ལ་ལྟོས་མིན་མགོན་པོ་གང་ཉིད་མཆོག་གིས་གོ་སྐབས་ནམ་བྱུང་སྐབས་འབར་མའི་དཀའ་ངལ་སེལ་ཐབས་ལ་སྨན་པའི་ཐུགས་གསོའི་གསུང་འཕྲིན་མུ་མཐུད་སྩལ་གནང་མཛད་རྒྱུའི་དགོངས་བཞེད་མཛད་བཞིན་ཡོད། ཅེས་སོགས་བཀོད་ཡོད་པ་བཅས།། གནས་ཚུལ་ངོ་མ་དབྱིན་སྐད་ནང་ཡོད་པ་ནས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་བསྒྱུར་ཞུས་པས་དབྱིན་ཡིག་དེར་རྩ་འཛིན་ཡོང་བ་ཞུ།།