༢༠༡༢ ཟླ་ ༡༡ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡༢ ཟླ་ ༡༡ ཚེས་ ༢༩ རེས་གཟའ་ཕུར་བུའི་སྔ་དྲོའི་ཆུ་ཚོད་ ༦ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གོ་ཝ་ (Goa) གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་བོད་མིའི་སྒྲིག་འཛུགས་བདེ་སྲུང་དྲུང་ཆེ་ཕ་ཟུར་དབང་ཕྱུག་ལགས་དང་། ཤར་རྩེ་མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས། ཕྱོགས་བཞུགས་སྤྱི་འཐུས་ཨ་འབྲུག་ཚེ་བརྟན་ལགས། བྱང་ཆུབ་ལམ་རིམ་གོ་སྒྲིག་ལྷན་ཚོགས་ཀྱི་ཚོགས་གཞོན་དགའ་ཤར་དགེ་བཤེས་བྱང་ཆུབ་རྡོ་རྗེ་ལགས། འབྲས་སྤུངས་མཁན་པོ་ཁྲི་པ་བློ་བཟང་བསྟན་འཛིན་མཆོག གདན་ས་གྲྭ་ཚང་ཁག་གི་མཁན་པོ་བླ་སྤྲུལ་ལས་ཟུར་རྣམ་པ། ལྷོ་སྤྱི་དང་། མོན་གྷོ་འདོད་རྒུ་གླིང་གི་ས་གནས་འགོ་འཛིན། ཚོགས་པ་ཁག་གི་ལས་སྣེ་རྣམ་པ་བཅས་ཕེབས་བསུར་བཅར་ཡོད།
དེ་ནས་ཁུལ་དེ་ནས་ཆིབས་འགྲོའི་ཐོག་ཆིབས་སྒྱུར་གྱིས་ཉིན་གུང་ཆུ་ཚོད་ ༡༢ ཐོག་མོན་གྷོ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་དཀར་སྤུངས་པའི་ཚོགས་ཆེན་དུ་༸ཞབས་སོར་འཁོད་སྐབས། འབྲས་སྤུངས་དང་དགའ་ལྡན་དབུས་ཆོས་སྡེ་ཁག་གི་མཁན་ལས་ཟུར་རྣམས་དང་གྲྭ་དམངས་ཀྱིས་བཀྲ་ཤིས་པའི་མཆོད་རྗས་སྣ་ཚོགས་ཐོག་ཏེ་སེར་སྦྲེངས་དང་། སྤྱི་མི་བརྒྱ་དཔོན་གྱིས་གཙོས་གཞིས་གྲོང་སོ་སོའི་གཞིས་མི་དང་ཆོས་ཞུ་བ་མི་མང་དང། སློབ་ཕྲུག་བཅས་ཀྱིས་བདུག་སྤོས་དང་མེ་ཏོག དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་རྗེས་༸གོང་ས་མཆོག་གིས་འབྲས་སྤུངས་ཚོགས་ཆེན་གཙུག་ལག་ཁང་དུ་གནས་གཟིགས་མཛད་རྗེས་ཉིན་གུང་གི་ལྗགས་སྨིན་མཛད། དེ་ནས་ཉིན་རྒྱབ་ཆུ་ཚོད་ ༡ ཐོག་༸གོང་ས་མཆོག་འབྲས་སྤྲུངས་ཚོགས་ཆེན་གྱི་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། འབྲས་སྤུངས་མཁན་པོ་ཁྲི་པ་བློ་བཟང་བསྟན་པ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་བསྟུན་༸གོང་ས་མཆོག་གིས་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་དགའ་ལྡན་ཕོ་བྲང་དབར་གྱི་འབྲེལ་བའི་སྐོར་སོགས་བཀའ་སློབ་ཐུང་ངུ་ཞིག་སྩལ་ཟིན་རྗེས་དགའ་ལྡན་ཤར་རྩེར་ཆིབས་སྒྱུར་བསྐྱངས། དགའ་ལྡན་ཤར་རྩེའི་ཆོས་རར་དགེ་འདུན་འདུས་ཚོགས་ ༢༥༠༠༠ བརྒལ་བའི་དབུས་སུ་ཆིབས་སྒྱུར་གྱིས་བྱང་ཆུབ་ལམ་རིམ་ཆེན་མོའི་མཁས་པའི་བགྲོ་གླེང་དབུ་འབྱེད་མཛད་ཡོད་པ་བཅས།།