༢༠༡༢ ཟླ་ ༡༡ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །གུས་བརྩི་འོས་པའི་(སྙན་ཞུ་འབུལ་ཡུལ།)མཆོག་ལ།
ཕྱི་ལོ་ ༢༠༠༩ ཟླ་ ༢ པ་ནས་བཟུང་རྒྱ་ནག་དམར་པོའི་དབང་འོག་ཏུ་ཡོད་པའི་བོད་རིགས་ས་ཁུལ་དུ་བོད་མིས་རང་ལུས་མེར་སྲེག་གི་གནས་ཚུལ་བསྟུད་མར་ཐོན་པ་མ་ཟད། སྐབས་རེ་ཉིན་གཅིག་ལ་སེར་སྐྱ་མི་གྲངས་བཞིས་རང་ལུས་བསྲེགས་པའི་གནས་ཚུལ་ཡང་བྱུང་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༡ བར་དངོས་སུ་ར་འཕྲོད་བྱུང་བའི་བོད་མི་ ༧༨ ཡིས་རང་ལུས་མེར་སྲེག་བཏང་ཡོད་པ་དང་། དེའི་ཁྲོད་ནས་མི་ ༦༠ ལྷག་ཙམ་འདས་གྲོངས་སུ་གྱུར་ཡོད། བོད་མིས་རང་ལུས་མེར་སྲེག་རིམ་བསག་གི་གྲངས་འབོར་དང་། གཅིག་རྗེས་གཉིས་མཐུད་ཀྱི་དུས་ཚོད་བཅས་ག་ནས་བལྟས་ཀྱང་། ཡིད་སེམས་སྐྱོ་བའི་དཀའ་སྡུག་གི་ཚད་ནི་ཧ་ཅང་ཆེ་ཞིང་། རང་བསྲེགས་ཀྱི་གནས་ཚུལ་ད་དུང་མུ་མཐུད་ཐོན་བཞིན་ཡོད།
ཚེ་སྲོག་གསོས་པ་དེ་ཚོ་ཉིན་རེ་བཞིན་དང་། རེ་རེ་བཞིན་མེ་ཕུང་གི་ཁྲོད་དུ་མེད་པར་གྱུར་བ་དང་། རྒན་དར་གཞོན་གསུམ་དང་། སྐྱེས་པ་དང་བུད་མེད། དགེ་འདུན་པ་དང་བཙུན་མ་མང་ཚོགས་དཀྱུས་མ་བཅས་་་་་་ བོད་འདི་མེས་འཚིག་བཞིན་ཡོད། ཡང་སྙིང་བོད་དུ་གནས་ཚུལ་ག་རེ་བྱུང་བ་རེད་དམ།
བོད་མི་འདི་འདྲ་མང་པོས་དེ་ལྟ་བུའི་སྡུག་བསྔལ་ཆེན་པོ་དེ་འདྲ་འཁུར་ནས་ཡ་ང་བའི་ཐབས་ལམ་ལ་བརྟེན་ནས་རང་གི་ཚེ་སྲོག་བློས་བཏང་བྱས་པ་ནི། ཕྱི་ལོ་ ༡༩༦༣ ལོར་ལྷོ་ཝེ་ཏེ་ནམ་གྱི་དགེ་འདུན་པ་སྒོང་རྡ་ཡིས་སའེ་ཀོན་ (Saigon) གྲོང་ཁྱེར་དུ་རང་ལུས་བསྲེཌ་པ་དང་། ཕྱི་ལོ་ ༡༩༦༦ ལོར་རྒྱ་ནག་གི་དགེ་འདུན་པ་ལེང་ཆིང་གིས་ཕྷ་མན་དགོན་དུ་རང་ལུས་བསྲེགས་པ། ཕྱི་ལོ་ ༢༠༠༩ ལོར་རྒྱ་གཞུང་ནས་བཙན་བཤེད་ཀྱིས་སྡོད་ཁང་བཤིགས་པའི་སྡུག་བསྔལ་མྱོང་མཁན་ཐང་ཕྷུ་ཀྲིན་གྱིས་དྲིན་ཏུར་རང་ལུས་བསྲེགས་པ་དང་འདྲ་བར། བོད་མིའི་རང་བསྲེགས་ཀྱི་རྒྱབ་ཏུ་ཤིན་ཏུ་རྒྱ་ཆེ་ལ་ཧ་ཅང་ལྕི་ཞིང་། བཟོད་དཀའ་བའི་སྤྱི་ཚོགས་རང་བཞིན་གྱི་སྡུག་བསྔལ་ཞིག་ཡོད་པ་ནི་སྨོས་མ་དགོས་པ་ཞིག་ཡིན།
རང་ལུས་བསྲེགས་མཁན་བོད་མི་ཁོང་ཚོས་རང་ཉིད་བློས་བཏང་བྱས་པ་ལས་གཞན་ལ་འཚེ་བ་ཏིལ་འབྲུ་ཙམ་གནང་མེད། འོན་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་མིས་གཞན་ལ་འཚེ་བ་བྱས་མི་འདུག་བསམས་ནས་སྣང་མེད་ཚོར་མེད་དུ་བསྡད་ན་མི་འགྲིག མིའི་སྲོག་ནི་ཧ་ཅང་གི་རིན་ཐང་ཆེ་བས་རང་བསྲེགས་ཀྱི་ཁྲོད་དུ་ཚེ་སྲོག་ཤོར་བ་ནི་གོད་ཆགས་ཡིན། རང་བསྲེགས་ཀྱི་དོན་རྐྱེན་རེ་རེའི་རྒྱབ་ཏུ་ཡ་ང་བའི་སྡུག་བསྔལ་ཁྲི་སྟོང་མང་པོ་ཡོད། རང་བྱུང་གནོད་འཚེ་འབྱུང་སྐབས་མིའི་རིགས་ཀྱིས་མི་ཆོས་རིང་ལུགས་ཀྱི་འདུ་ཤེས་བཟུང་ནས་རོགས་ཕན་བྱེད་ཀྱི་ཡོད་པ་དང་། བོད་མིའི་རང་བསྲེགས་ཀྱི་དོན་རྐྱེན་དང་། དེའི་རྒྱབ་ལོགས་ཀྱི་བོད་མིའི་དཀའ་སྡུག་ནི་མི་ཚོས་དེ་བས་དོ་སྣང་དང་། རོགས་ཕན་བྱེད་དགོས་པའི་གོད་ཆགས་ཤིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཟུར་ནས་ལྟད་མོ་བལྟས་ཏེ་བསྡད་ན་གཏན་ནས་མི་འགྲིག དེ་ནི་བདག་དབང་གི་གནད་དོན་མིན་པར། ས་ཡོམ་དང་། མུ་གེ དམག་འཁྲུག་གི་གོད་ཆགས་དང་འདྲ་བར་མི་ཆོས་དང་འབྲེལ་བའི་གནད་དོན་ཞིག་ཡིན་སྟབས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ངེས་པར་དུ་འགན་ཁུར་དང་། ཐག་གཅོད་བྱེད་དགོས་པ་ཞིག་ཡིན།
དེར་བརྟེན་ང་ཚོས་སྐུ་ཉིད་ལ། མི་ཆོས་རིང་ལུགས་ཀྱི་འདུ་ཤེས་བཟུང་བ་དང་། འགན་ཁུར་གྱི་འདུ་ཤེས་ཡོད་པའི་སྒོ་ནས་འཕྲལ་དུ་བྱ་ཐབས་བཟུང་སྟེ། མིས་བཟོས་པའི་གོད་ཆགས་ཡོང་བཞིན་པ་འདི་འགོག་ཐབས་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
ང་ཚོས། སྐུ་ཉིད་ནས་སྐུ་ཉིད་ཞུགས་ཡུལ་ཆབ་སྲིད་ཚོགས་པ་དང་། སྒྲིག་འཛུགས། སྲིད་གཞུང་། གསར་འགོད་པ། རྒྱལ་སྤྱིའི་ཚོགས་སྡེ་བཅས་བརྒྱུད་ནས་གཤམ་གྱི་ལས་འགུལ་ཁག་སྤེལ་རོགས་ཞུ་རྒྱུ་ཡིན།
༡༽ རྒྱ་ནག་དམར་པོའི་དབང་འོག་ཏུ་ཡོད་པའི་བོད་རིགས་ས་ཁུལ་དུ་བོད་མིས་རང་ལུས་བསྲེགས་པའི་གནས་ཚུལ་བསྟུད་མར་འབྱུང་བཞིན་པ་འདི། འཕྲལ་མར་ཐག་གཅོད་དགོས་པའི་རྒྱལ་སྤྱིའི་གནད་དོན་ཞིག་ལ་བརྩིས་ནས་སྐུ་ཉིད་གནས་ཡུལ་རྒྱལ་ཁབ་དང་། སྒྲིག་འཛུགས་ཀྱིས་རྒྱ་དམར་དང་གཞུང་འབྲེལ་གྱི་འབྲེལ་ལམ་ཡོང་སྐབས་ངེས་པར་གླེང་སློང་དགོས་པའི་དོན་གནད་ཀྱི་ཁོངས་སུ་འཇོག་དགོས།
༢༽ སྐུ་ཉིད་གནས་ཡུལ་ས་གནས་ཀྱི་ཚོགས་པ་དང་། སྒྲིག་འཛུགས། གྲོས་ཚོགས། སྲིད་གཞུང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་མནའ་མཐུན་ཚོགས་པ། རྒྱལ་སྤྱིའི་ཚོགས་སྡེ་བཅས་ནས་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་པ་བཙུགས་ཏེ་རྒྱ་དམར་གྱི་དབང་འོག་ཏུ་ཡོད་པའི་བོད་རིགས་ས་ཁུལ་(ལྷག་པར་དུ་ཡང་ཡང་རང་བསྲེགས་གནས་ཚུལ་ཡོང་སའི་ས་ཁུལ།)དུ་བསྐྱོད་ནས་ས་གནས་རང་དུ་བོད་མིའི་གནས་སྟངས་དང་། རང་བསྲེགས་ཀྱི་གནས་ཚུལ་ཡོང་དགོས་པའི་རྒྱུ་རྐྱེན་ལ་ཞིབ་འཇུག་གནང་རོགས། དུས་མཚུངས་དེ་ལྟའི་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་པ་འདི་རང་དབང་ཆ་ཚང་ཡོད་པའི་སྒོ་ནས་བོད་ནང་ཞིབ་འཇུག་ཏུ་བསྐྱོད་ཆོག་པ་རྒྱ་དམར་གཞུང་ལ་རེ་འདུན་འདོན་དགོས།
༣༽ རྒྱ་དམར་གཞུང་གིས་འཕྲལ་དུ་བོད་ནང་གི་བོད་མིའི་ཆོས་དད་རང་དབང་དང་། མི་རིགས་ཀྱི་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་ཐོབ་ཐང་འགན་སྲུང་བྱེད་དགོས་པ་དང་། ༸གོང་ས་ཏཱ་ལའི་བླ་མ་ཆོག་རང་དབང་གི་ཐོག་ནས་བོད་དུ་ཆིབས་སྒྱུར་མཛད་རྒྱུ་(དེ་ནི་རང་ལུས་བསྲེགས་མཁན་བོད་མི་ཚོའི་དགོས་འདུན་གཙོ་བོ་ཞིག་ཡིན།)དང་། དེ་བཞིན་བོད་ཀྱི་གནད་དོན་ཐག་གཅོད་ཡོང་དགོས་ན། བོད་མིའི་སྒྲིག་འཛུགས་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་གྲོས་མོལ་གནང་དགོས་པའི་རེ་འདུན་འདོན་དགོས།
རྒྱ་དམར་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱིས་རང་བསྲེགས་ངན་སྐུལ་བྱས་ཚུལ་སྐྱོན་འཛུགས་བྱེད་ཀྱི་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་སྲོག་ལ་གཅེས་འཛིན་དགོས་ཞེས་ཡང་ཡང་འབོད་སྐུལ་གནང་གི་ཡོད་པ་ལས། མུ་མཐུད་རང་བསྲེགས་ཀྱི་གནས་ཚུལ་ཐོན་རྒྱུའི་ཐུགས་རེ་གནང་གི་མེད། བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་རྒྱ་གཞུང་ལ་རྡ་རམ་ས་ལར་ཞིབ་འཇུག་བྱེད་མཁན་བཏང་སྟེ། རང་དབང་ལྡན་པའི་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་པ་དང་མཉམ་དུ་རྒྱ་གཞུང་གི་སྐྱོན་འཛུགས་བདེན་པ་ཡིན་མིན་ཞིབ་འཇུག་བྱེད་རྒྱུའི་རེ་འབོད་གནང་ཡོད། དེར་བརྟེན།
༤༽ ང་ཚོས། སྐུ་ཉིད་ཀྱིས་རྒྱ་དམར་གཞུང་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རེ་འབོད་དེ་ཚོར་བཟང་པོའི་བརྡ་ལན་དགོས་པའི་རེ་འདུན་བཏོན་རོགས་ཞུ་རྒྱུ་ཡིན།
སྐུ་ཉིད་ནས་ཐུགས་སྣང་དང་། གདུང་སེམས་མཉམ་སྐྱེ། བྱ་ཐབས་བཟུང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས། སྐུ་ཉིད་ཀྱིས་བྱ་ཐབས་དེ་ཚོ་གང་སྔ་སྔ་དང་། ཤུགས་ཆེ་ཙམ་བྱུང་ན། དེས་མི་གཅིག་གམ་ཡང་ན་མི་མང་པོ་ཞིག་གི་ཚེ་སྲོག་སྲུང་སྐྱོབ་ཐུབ་ཀྱི་ཡོད།
ལྷག་བསམ་རྣམ་དག་གི་སྒོ་ནས་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྒྱ་ཡིག་ནས་བོད་ཡིག་ཏུ་སྒྱུར་མཁན་ཨ་རི་སྐུ་ཚབ་དོན་ཁང་གི་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་ཡིན་པ་བཅས།།