༢༠༡༢ ཟླ་ ༡༡ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༠ ཉིན་བོད་མིའི་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་ཨ་རིའི་གྲོང་ཁྱེར་ཁག་ཉི་ཤུ་རྩ་གཅིག་ནང་ལེགས་གྲུབ་བྱུང་རྗེས་གྲོང་ཁྱེར་སན་ཕ་རན་སི་སི་ཀོར་མཇུག་སྒྲིལ་གནང་སྐབས་དེ་སྔའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་མཇུག་སྒྲིལ་མཛད་སྒོར་བཏང་གནང་བའི་འཕྲིན་ཡིག་ནང་བཀོད་དོན། བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་དེ་གྲོང་ཁྱེར་སན་ཕ་རན་སི་སི་ཀོར་འབྱོར་བར་དགའ་བསུ་ཞུ་བ་དང་སྦྲགས་ཨ་རིའི་གྲོང་ཁྱེར་ཁག་ཉི་ཤུ་རྩ་གཅིག་ནང་སྐོར་སྐྱོད་གནང་རྗེས་མཐའ་མར་གྲོང་ཁྱེར་འདིར་མཇུག་སྒྲིལ་གནང་བ་དེས་ང་ཚོར་བློ་སྤོབས་སྐྱེ་དགོས་པ་ཞིག་བྱུང་། འཛམ་གླིང་གི་ས་ཕྱོགས་གང་སར་བདེན་པའི་མེ་ལྕེ་སྐོར་སྐྱོད་བྱས་པ་དེས་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དེ་དག་ལ་འཛམ་གླིང་མི་མང་གིས་གདོང་ལེན་བྱེད་དགོས་པའི་གནད་དོན་ཞིག་ཡིན་སྐོར་གླེང་སློང་ཐུབ་པ་བྱུང་ཡོད།
ངོས་རང་ཨ་རིའི་གྲོས་ཚོགས་འོག་མའི་ནང་ལོ་ངོ་ཉི་ཤུ་རྩ་ལྔ་རིང་འཐུས་མི་བྱས་པའི་རིང་བོད་ཀྱི་གནད་དོན་དེ་གལ་གནད་ཆེ་ཤོས་ཀྱི་གྲས་སུ་བརྩིས་ཡོད། ངོས་རང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་བྱེད་མཁན་གྱི་གྲོང་ཁྱེར་ཞིག་གི་ངོ་ཚབ་ཞུ་རྒྱུ་བྱུང་བར་སྤོབས་སེམས་ཆེན་པོ་བྱུང་། སན་ཕ་རན་སི་སི་ཁོ་བྷཡེ་(San Francisco Bay) ཁུལ་དུ་ཨ་རིའི་ནང་གནས་སྡོད་བོད་རིགས་ཀྱི་གསུམ་ཆ་གཅིག་གནས་སྡོད་བྱེད་བཞིན་ཡོད་པར་ང་ཚོར་སྤོབས་པ་ཡོད། ང་ཚོ་ཚང་མས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད།
བོད་མི་རྣམས་ཀྱིས་མི་ལོ་བཅུ་ཕྲག་མང་པོའི་རིང་གདུག་རྩུབ་མནར་གཅོད་འོག་དཀའ་སྡུག་ཚད་ལས་བརྒལ་བ་མྱངས་ཡོད། བོད་མི་རྣམས་སོ་སོའི་ལུང་པར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོབ་ཐང་མེད་པར་ཟུར་ཕུད་བཏང་ཡོད་པ་མ་ཟད། བོད་མི་རྣམས་ཀྱིས་ཞི་བའི་ཐོག་ནས་རང་ཉིད་ཀྱི་ཆབ་སྲིད་ལྟ་ཕྱོགས་རྣམས་གཏམ་བཤད་བྱས་རྐྱེན་བཙོན་འཇུག་བྱས་པ་དང། ཆབ་སྲིད་ཀྱི་སློབ་གསོ་དང་༸གོང་ས་མཆོག་ལ་སྐྱོན་བརྗོད་དང་མཚན་སྨད་ཞུ་རྒྱུ་སོགས་ཀྱི་ལས་འགུལ་ནང་བཙན་དབང་ཐོག་མཉམ་ཞུགས་བྱེད་དུ་བཅུག་གི་ཡོད། ཨ་རིའི་ནང་རང་དབང་དང་། འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་ཐོག་གཞི་རྩ་བརྟན་པོ་ཡོད་སྟབས། ཕྱི་ནང་གཉིས་སུ་འདི་ལྟ་བུའི་རིན་ཐང་རྣམས་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུའི་དམིགས་བསལ་འགན་ཁུར་ཡོད། ཅེས་སོགས་ཁོང་གི་ཕྱག་བྲིས་ནང་བཀོད་ཡོད་འདུག