༄༅། །རྒྱ་ནག་གཞུང་གིས་མི་སྤྱོད་ལས་འདས་པའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༧ ཉིན་བོད་མདོ་སྨད་རྔ་པ་རྫོང་རྔ་སྟོད་སྒོ་མང་ཞང་ཚོ་དྲུག་སྡེ་བའི་ནང་ཚན་སྔོ་ཤུལ་ཐང་བ་མའི་ཆུ་ཁ་ཚང་གི་རང་ལོ་ ༡༥ ལ་སོན་པའི་རྒྱལ་གཅེས་པ་རྡོ་རྗེ་ལགས་དང། སྔོ་ཤུལ་ཐང་བ་མའི་ཐང་ལྷ་ཚང་གི་རང་ལོ་ ༡༦ ལ་སོན་པའི་རྒྱལ་གཅེས་པ་བསམ་འགྲུབ་ལགས། སྔོ་ཤུལ་རྨེའུ་སྐྱོང་སྡེ་བའི་ཚེ་རིང་དོན་འགྲུབ་ཚང་གི་རང་ལོ་ ༡༦ ལ་སོན་པའི་རྒྱལ་གཅེས་པ་རྡོ་རྗེ་སྐྱབས་ལགས། དེ་བཞིན་བོད་མདོ་སྨད་རེབ་གོང་མདོ་བ་ཞང་སྒྲོ་རོང་པོ་སྡེ་བའི་སྒྲོ་ཚང་ཚོ་བའི་རང་ལོ་ ༢༣ ལ་སོན་པའི་རྒྱལ་གཅེས་པ་རྟ་མགྲིན་འཚོ་ལགས། བོད་མདོ་སྨད་རེབ་གོང་མདོ་བ་ཞང་ལྡེང་ངེ་འབྲོག་སྡེའི་རང་ལོ་ ༡༨ ལ་སོན་པའི་རྒྱལ་གཅེས་པ་སྦྱིན་པ་རྒྱ་མཚོ་ལགས་བཅས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་བསམ་གྲུབ་ལགས་དང་རྡོ་རྗེ་སྐྱབས་ལགས་གཉིས་མ་གཏོགས་ཁོང་རྣམ་པ་གསུམ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་སྟབས།
བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༡ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག སྤྱིར་རྒྱལ་གཅེས་པ་ཁོང་རྣམ་པ་ལྔས་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བཏང་གནང་བའི་གཞིས་བཞུགས་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་སྐྱེའི་མྱ་ངན་རྗེས་དྲན་ཞུ་སླད་གོང་ཚེས་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་བརྒྱ་ཚར་འབུལ་ཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་དགེ་བཙུན་སྔགས་གསུམ།
དེ་བཞིན་མི་མང་དང་སློབ་ཕྲུག ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་མུར་རྣམ་གྲྭའི་དགེ་བསྐོས་ནས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང༌། དེ་ནས་སྲིད་སྐྱོང་མཆོག་གིས་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་གསུང་བཤད་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༥༠ རེར་ཕུལ་ཡོད།