༢༠༡༢ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༤ ཉིན་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་ཝར་ཀ་ལ་གྲོང་ཁྱེར་གྱི་ཞུགས་གནས་མགྲོན་ཁང་དུ་རྒྱ་གར་གཞུང་གི་བརྙན་འཕྲིན་བརྒྱུད་ལམ་དུར་དར་ཤན་ Doordarshan གྱི་གསར་འགོད་པ་སྐུ་ཞབས་པི་པི་ཇེམ་སི་ Mr PP James ལགས་ཀྱིས་དྲི་བར་བཀའ་ལན་སྩལ་ཡོད། དེ་ཡང་སྐབས་དེར་གསར་འགོད་པ་ཁོང་གིས་རྒྱ་གར་གྱི་གནའ་བོའི་ཆོས་ལུགས་ཐོག་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བ་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ངོས་ཀྱིས་རྒྱུན་ལྡན་རྒྱ་གར་ནི་ཆོས་ལུགས་འདྲ་མིན་འཆམ་མཐུན་ཐོག་ནས་མཉམ་གནས་ཐུབ་པའི་མིག་དཔེ་ལྟ་ས་ཞིག་ཡིན་པ་བརྗོད་བཞིན་ཡོད། ང་ཚོ་བོད་པ་ལྟ་བུར་མཚོན་ན། རྒྱ་གར་ནི་ང་ཚོའི་དགེ་རྒན་ཡིན། དེ་སྔ་བོད་དུ་མཁས་པ་ཞིག་གིས་བརྗོད་གསལ་ལ། ཁ་བ་དཀར་པོའི་ལྗོངས་སུ་རྒྱ་གར་ནས་སངས་རྒྱས་ཀྱི་བསྟན་པ་མ་དར་བར་གངས་ལྗོངས་དེ་བཞིན་མུན་ནག་ལྟ་བུར་གནས་ཡོད་ཀྱང་རྒྱ་གར་ནས་ནང་ཆོས་བོད་དུ་དར་རྗེས་གངས་ལྗོངས་དེ་བཞིན་མུན་ནག་ལས་ཡོངས་སུ་མཐར་ཏེ་དཀར་གསལ་གྱི་གངས་ལྗོངས་ཤིག་ཏུ་འགྱུར་ཡོད་ཅེས་གསུངས་ཡོད། ཅེས་བཀའ་ལན་སྩལ།
དེ་རྗེས་ཀེ་ར་ལའི་མངའ་སྡེའི་སྐོར་གྱི་དྲི་བ་ཞུས་པར་བཀའ་ལན་སྩལ་དོན། མངའ་སྡེ་འདིར་ཡི་གེ་འབྲི་ཀློག་ཤེས་མཁན་གྱི་བརྒྱ་ཆ་བརྒྱ་ནས་བརྒྱར་སོན་ཐུབ་ཡོད་པ་དེ་ངོ་མཚར་ཆེན་པོ་ཡིན། ངོས་རང་མངའ་སྡེ་འདིར་ཐོག་མར་འབྱོར་སྐབས་ཡུལ་མི་རྐང་རྗེན་དུ་སྡོད་མཁན་དེ་འདྲས་ཀྱང་གསར་ཤོག་ཀློག་གི་ཡོད་པ་མཐོང་བྱུང། ཞེས་བཀའ་ལན་སྩལ། དེ་རྗེས་ཁུལ་དེར་ཧིན་དུའི་གདན་ས་ཤི་ཝ་གི་རི་ Sivagiri Mutt ཞེས་པ་ཕྱག་འདེབས་མཁན་ཧིན་དུའི་བླ་ཆེན་སྐུ་ཞབས་ན་རཱ་ཡ་ནཱ་གུ་རུ་ Sree Narayana Guru ཞེསཔ་ཁོང་གིས་ཆོས་ལུགས་གཅིག་དང་རིགས་རུས་གཅིག དཀོན་མཆོག་གཅིག་གི་ལྟ་གྲུབ་དེར་དགོངས་ཚུལ་ཐོག་བཀའ་ལན་སྩལ་དོན། འགྲོ་བ་མི་ཕན་ཚུན་མི་འདྲ་བ་ཕྲན་བུ་ཡོད་ཀྱང་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་མཚུངས་ཤིག་ཆགས་ཡོད། ཆོས་ལུགས་ཐོག་ནས་བརྗོད་ཀྱང་གཞི་རྩའི་ཆོས་ལུགས་ཚང་མའི་ནང་བྱམས་བརྩེ་དང་བཟོད་བསྲན། གཞན་ལ་གུས་བརྩི་ཞུ་རྒྱུ་སོགས་བཟང་པོའི་བསླབ་བྱ་གཅིག་མཚུངས་སུ་ཡོད། ཆོས་ལུགས་ཕན་ཚུན་ལྟ་གྲུབ་མི་འདྲ་བ་ཡོད་པ་ནི་བསྒྲུབ་བྱའི་ཐབས་ལམ་མི་འདྲ་བ་ཙམ་མཚོན་བཞིན་ཡོད། ཅེས་བཀའ་ལན་སྩལ།
ཕྱོགས་མཚུངས་རྒྱ་ནག་གི་འགོ་ཁྲིད་གསར་པ་བསླེབས་རྗེས་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་ཐུགས་རེ་ཇི་ལྟ་མཛད་མིན་ཐོག་བཀའ་སློབ་སྩལ་དོན། རྒྱ་རིགས་ཆོས་གྲོགས་མང་པོ་ཞིག་གིས་དེ་སྔོན་རྒྱ་ནག་གི་འགོ་ཁྲིད་ཚོ་རྡོ་སྐུ་ལས་བཟོས་པ་ལྟ་བུའི་མཐོང་ཚུལ་ཡོད་པ་དང་ཁོང་ཚོ་དང་བསྡུར་བ་ཡིན་ན། ད་ལྟ་རྒྱ་ནག་གི་སྲིད་འཛིན་གསར་པ་ཞི་ཅིང་ཕིང་གི་རྣམ་འགྱུར་ལ་ལྟ་སྐབས་ཕྲན་བུ་ཀུན་སྤྱོད་བག་ཕེབས་ཡོད་པའི་ཚོར་སྣང་བྱུང་ཡོད་སྐོར་བཀའ་ལན་སྩལ་བ་དང་སྦྲགས། རྒྱ་ནག་ནང་འགྱུར་བཅོས་ཡོང་མིན་ཐོག་མུ་མཐུད་བཀའ་ལན་སྩལ་དོན། རྒྱ་ནག་ནང་ལམ་སེང་མིན་ཡང་ག་ལེར་ག་ལེར་རང་དབང་དང་ཕྱི་གསལ་ནང་གསལ་གྱི་སྤྱི་ཚོགས་ཤིག་ཀྱི་ཕྱོགས་སུ་འགྱུར་བ་འགྲོ་རྒྱུ་ཡིན་པ་མགོན་པོ་གང་ཉིད་མཆོག་གི་ཐུགས་ལ་ཡིད་ཆེས་བརྟན་པོ་ཡོད་པ་དང། དེ་འདྲའི་སྤྱི་ཚོགས་ཤིག་བྱུང་མཚམས། བོད་ཀྱི་དཀའ་ངལ་དེ་བཞིན་ལས་སློ་པོའི་ཐོག་ནས་སེལ་ཐུབ་རྒྱུ་རེད། ཅེས་བཀའ་ལན་སྩལ།
ཕྱོགས་མཚུངས་བོད་ནང་དུ་བོད་མིས་རང་ལུས་མེར་སྲེག་གི་ལས་འགུལ་ཐོག་བཀའ་ལན་སྩལ་དོན། བོད་མིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་དེ་དག་བོད་མིས་བཟོས་པ་ཞིག་མིན། གནད་དོན་དེ་དག་ནད་ཀྱི་མཚོན་རྟགས་ཙམ་ཡིན་པར་ངོས་ཀྱིས་ངོས་འཛིན་བྱེད་བཞིན་ཡོད། དེ་སྔ་སྲིད་འཛིན་ཏིང་ཞའོ་ཕིང་Deng Xiaoping གིས་དངོས་ཐོག་བདེན་འཚོལ་བྱེད་དགོས་སྐོར་བརྗོད་པ་དེར་གཞིར་བཞག་ཐོག་བོད་ནང་དུ་དངོས་ཡོད་གནས་ཚུལ་དེར་རྒྱ་ནག་དཔོན་རིགས་ཚོས་གནས་ཚུལ་དེ་དག་བྱུང་དགོས་དོན་རྒྱུ་མཚན་ཇི་ཡིན་རྟག་དཔྱད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེང་སྐབས་རང་ལུས་མེར་སྲེག་གི་གནས་ཚུལ་འབྱུང་བཞིན་པ་དེ་ནི་ཧ་ཅང་བློ་ཕམས་སྐྱེ་གཞི་ཞིག་ཡིན། གནས་ཚུལ་དེ་དག་ཐོས་སྐབས་ངོས་རང་མིག་ཆུ་ཤོར་གྱི་འདུག རང་ལུས་མེར་སྲེག་གཏོང་མཁན་གྱི་བོད་མི་དེ་དག་མྱོས་རྫས་ཀྱིས་བཟི་བ་དང་ནང་མིའི་ནང་བཟའ་ཚང་གི་རྙོག་ཕྲ་དང་དཀའ་ངལ་དེ་འདྲ་བྱུང་ནས་རང་ལུས་མེར་སྲེག་བཏང་བ་ཞིག་རྩ་བ་ནས་མིན། ཁོང་ཚོ་རྒྱ་ནག་གི་དམ་བསྒྲགས་འོག་དུས་རྟག་ཏུ་འཇིགས་སྣང་དངངས་སྐྲག་འོག་གནས་བཞིན་ཡོད། ཅེས་བཀའ་ལན་མཛད།
དེ་བཞིན་སྐུའི་ཡང་སྤྲུལ་སྐོར་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་རྒྱུ་ཡིན་ཚུལ་བརྗོད་པ་དེར་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བ་ཞུས་པར་བཀའ་ལན་སྩལ་དོན། དེ་སྔ་རྒྱ་ནག་ནང་དུ་ནང་ཆོས་དར་བ་དང། ཚེ་ཕྱི་མར་ཡིད་ཆེས། ནང་ཆོས་ཀྱི་བཀའ་ཆོས་སོགས་ཞུ་སྲོལ་ཡོད་པར་བརྟེན། དེའི་ཚེ་དེའི་དུས་རྒྱ་ནག་དབང་འཛིན་པ་ཚོས་ཏཱ་ལའི་བླ་མའི་སྐུ་སྐྱེའི་ཐོག་དོ་སྣང་བྱས་ཡོད་པ་དེ་ནི་རྒྱུ་མཚན་ཕྲན་བུ་ཡོད་པ་ལྟ་བུ་ཞིག་ལ་བརྩིས་ཆོག་ཀྱང། དེང་སྐབས་གུང་ཁྲན་ཏང་གིས་ཏཱ་ལའི་བླ་མའི་སྐུ་སྐྱེས་ཐོག་ཐེ་བྱུས་བྱེད་དགོས་ན་སྔོན་ལ་ཁོ་པ་ཚོས་སྐྱེ་བ་ཕྱི་མ་ཁས་ལེན་དགོས། དེ་ནས་མའོ་ཙེ་ཏུང་དང་ཏིང་ཞའོ་ཕིང་གི་ཡང་སྲིད་འཚོལ་རྒྱུ་དེ་རྒྱུ་མཚན་ལྡན་པ་ཡིན། ཞེས་བཀའ་ལན་སྩལ།
དེ་རྗེས་སྲོག་ཐོག་ཁྲིམས་ཆད་སྐོར་དྲི་བ་ཞུས་པར་བཀའ་ལན་སྩལ་དོན། ངོས་ཀྱིས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྲོག་ཁྲིམས་མཚམས་འཇོགས་དགོས་པའི་ཞུ་སྙན་སྟེང་ས་རྟགས་བཀོད་ཡོད། དེར་བརྟེན་སྲོག་ཁྲིམས་མེད་པ་བཟོ་སྐབས་ངོས་རང་དགའ་པོ་ཡོང་བཞིན་འདུག ངོས་ཀྱི་བསམ་པར་ཉེས་ཅན་པ་སུ་རུང་ཡང་བཙོན་འཇུག་འོག་མི་བཟང་པོ་ཞིག་ཆགས་རྒྱུའི་གོ་སྐབས་གསར་པ་ཞིག་སྤྲོད་དགོས། ཞེས་སོགས་ཀྱི་བཀའ་ལན་སྩལ་བསྟུན། ཧིན་དུའི་གདན་ས་ཤི་ཝ་གི་རིར་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས།།