༢༠༡༢ ཟླ་ ༡༡ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༨ རེས་གཟའ་ལྷག་པའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྲོང་ཁྱེར་མུམ་བྷེའི་ནང་རྟེན་གཞི་བྱས་པའི་དུད་འགྲོ་སྲུང་སྐྱོབ་ཚོགས་པས་ (Humane Society International) གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་བྷེང་ལོར་ནས་མཁའ་ལམ་བརྒྱུད་མུམ་བྷེའི་གྲོང་ཁྱེར་ལ་ཆིབས་སྒྱུར་བསྐྱངས་ཏེ་བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་རྗེས་ཉིན་དགུང་ལྗགས་སྨིན་གྲུབ་བསྟུན་དུད་འགྲོ་སྲུང་སྐྱོབ་ཚོགས་པས་གོ་སྒྲིག་འོག་འཛམ་གླིང་བྱམས་བརྩེའི་ཉིན་མོ། World Compassion Day ཞེས་པའི་བྱམས་བརྩེའི་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས། དུད་འགྲོ་སྲུང་སྐྱོབས་ཚོགས་པའི་ལས་ཁུངས་ཨ་མ་དེ་ཨ་རིར་ Humane Society of United States (HSUS) བཙུགས་ཡོད་པ་དང་། ཐེངས་འདིར་རྒྱ་གར་ནང་ཡན་ལག་ཚན་པ་གསར་འཛུགས་གནང་བའི་རྟེན་འབྲེལ་མཚོན་ཆེད་དུ་འཛམ་གླིང་བྱམས་བརྩེའི་ཉིན་མོ། ཞེས་པའི་ལྷན་ཚོགས་དེ་བཞིན་གོ་སྒྲིག་གནང་བ་ཞིག་ཡིན་འདུག
དེ་ཡང་ལྷན་ཚོགས་དེར་དབུ་འཛུགས་མ་མཛད་གོང་ལྷན་ཚོགས་གོ་སྒྲིག་ཚོགས་ཆུང་གི་འཐུས་མི་དང་དམིགས་བསལ་སྐུ་མགྲོན་ཁག་གཅིག་གིས་༸གོང་ས་མཆོག་ལ་དམིགས་བསལ་མཇལ་བཅར་ཞུས་ཡོད། སྐབས་དེར་ཁག་གཅིག་གིས་དུད་འགྲོའི་བདེ་དོན་ཆེད་ཆོས་ཕྱོགས་ནས་ཕན་ཐོགས་གང་འདྲ་བྱེད་ཐུབ་མིན་གྱི་དྲི་བ་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་ནས་མང་པོ་ཞིག་གིས་ཆོས་ལ་དེ་ཙམ་ཡིད་ཆེས་བྱེད་ཀྱི་མེད། ཆོས་ཁས་ལེན་བྱེད་ཀྱི་ཡོད་བརྗོད་མཁན་མང་པོ་ཞིག་གི་བྱེད་ཕྱོགས་ལ་ལྟ་སྐབས་ཧ་ལམ་ཆོས་ཁས་མི་ལེན་མཁན་ལྟ་བུ་ཡོད།
དེར་བརྟེན་ཆོས་ཁས་ལེན་བྱེད་མཁན་ཞིག་ཡིན་ཕྱིན་ཁ་ཞེ་གཉིས་མེད་ཐོག་ནས་ཆོས་ཉམས་ལེན་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དུད་འགྲོ་ལྟ་བུར་ཆ་མཚོན་ན། ཁོང་ཚོ་སྲོག་ལྡན་ཡིན་པ་ཙམ་མ་ཟད། བདེ་སྡུག་གི་ཚོར་བ་ཡོད། དེར་བརྟེན་ང་ཚོ་བོད་མིའི་གོམས་སྲོལ་ལྟར་དུད་འགྲོའི་ཚེ་སྲོག་ལ་གུས་བརྩི་བྱེད་དགོས། ཞེས་བཀའ་ལན་སྩལ་རྗེས་དེ་སྔ་བོད་མི་ཟ་ཚང་གཅིག་ཨ་རིའི་གཙུག་ལག་སློབ་ཁང་གི་ཐབ་ཚང་ནང་ཉིན་ལྟར་སྔོ་ཚལ་ཆུ་བཤལ་གཏོང་མཁན་ཡིན་སྐབས་སྔོ་ཚལ་ནང་འབུའི་རིགས་ཐོན་པ་རྣམས་ཟུར་འཇོགས་བྱས་ཏེ་སྲོག་སྐྱོབ་བྱས་རྗེས་ཐོག་མར་ལས་རོགས་ཨ་རི་བ་ཚོས་དུས་ཚོད་འཕྲོ་བརླག་ཡིན་པ་བརྗོད་ཡོད་ཀྱང་། ཕྱིས་སུ་ཁོང་ཚོས་ཀྱང་མིག་དཔེ་བཟང་པོ་དེར་ཡར་ལྟ་བྱས་ཡོད་སྐོར་བཀའ་ལན་སྩལ་བ་མ་ཟད།
མགོན་པོ་གང་ཉིད་མཆོག་རྡ་ས་ཞུགས་སྒར་ནས་པ་ཐཱན་ཀོ་ཊ་དང་ཇམ་མུ་སོགས་སུ་ཆིབས་སྒྱུར་བསྐྱངས་སྐབས་ལམ་བར་དུ་ཟ་ཁང་དང་བྱ་ཤ་ཚོང་སའི་ཚོང་ཁང་སོགས་ཀྱི་སྒོ་འགྲམ་དུ་བྱ་ཤ་ཚོང་ཆེད་དྲ་བའི་ནང་བྱ་མོ་སྡེབ་གསོག་བྱས་ཏེ་བྱ་མོ་དེ་དག་ལ་རྩི་ཤིང་གི་འདུ་ཤེས་ལས་སྲོག་ལྡན་གྱི་འདུ་ཤེས་གང་ཡང་མེད་པ་དང། བྱ་མོ་དེ་དག་རང་དབང་ཐོག་ནས་འགུལ་སྐྱོད་བྱེད་མ་ཐུབ་པ་མ་ཟད། གནམ་གཤིས་ཧ་ཅང་ཚ་གྲངས་ལ་ལྟོས་མེད་ཀྱིས་ཡ་ང་བའི་གནས་སྟངས་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པ་གཟིགས་སྐབས་མགོན་པོ་གང་ཉིད་མཆོག་ཐུགས་བློ་ཧ་ཅང་སྐྱོ་གནང་མཛད་བཞིན་ཡོད་སྐོར་བཀའ་ལན་སྩལ་ཡོད། ཕྱོགས་མཚུངས་༸གོང་ས་མཆོག་གིས་སྐབས་དེར་བོད་མིའི་རིག་གཞུང་དང་གོམས་གཤིས་ནང་སྲོག་ཆགས་འབུ་སྲིན་ཕྲ་མོ་ཚུན་ཆད་ལའང་འཚེ་བ་མི་བྱེད་པའི་གོམས་སྲོལ་དེས་མིའི་སྲོག་ལ་རང་བཞིན་གྱིས་བརྩིས་མཐོང་དང་རིན་ཐང་གི་འདུ་ཤེས་འཛིན་ཐུབ་ཀྱི་ཡོད་སྐོར་བཀའ་ལན་སྩལ།
དེ་རྗེས་འཛམ་གླིང་བྱམས་བརྩེའི་ཉིན་མོ། ཞེས་པའི་ལྷན་ཚོགས་སུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་ཚོགས་ཁང་དུ་༸ཞབས་སོར་འཁོད་བསྟུན། རྒྱ་གར་བྷོ་ལི་ཝུ་ཌ་གློག་བརྙན་བཟོ་སྐྲུན་པ་སྐུ་ཞབས་པིར་ཏི་ཤི་ནན་དི་ (Bollywood Film producer Mr. Pritish Nandy) ལགས་ཀྱིས་ཕེབས་བསུ་དང་སྦྲགས་ཚོགས་བཅར་བ་རྣམས་ལ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ངོ་སྤྲོད་གནང་བ་མ་ཟད། སྐབས་དེར་སྡིངས་ཆའི་སྟེང་རྒྱ་གར་བྷོ་ལི་ཝུ་ཌ་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་ཨ་ནིལ་ཀ་པུར་ Anil Kapoor ལགས་དང་། ཨ་རིའི་དུད་འགྲོ་སྲུང་སྐྱོབས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཝེ་ནེ་པ་སེལ་ལེ་Wayne Pacelle མཆོག དེ་བཞིན་རྒྱ་གར་གྱི་ན་གཞོན་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཅེ་ཏན་བྷ་ག་ཏི་ Chetan Bhagat ལགས་བཅས་༸གོང་ས་མཆོག་ལ་ངོ་སྤྲོད་ཞུས་རྗེས་སྐུ་ཞབས་ཨ་ནིལ་ཀ་པུར་ལགས་ཀྱིས་གསུང་བཤད་གནང་། དེ་ནས་ཨ་རིའི་དུད་འགྲོ་སྲུང་སྐྱོབས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཝེ་ནེ་པ་སེལ་ལེ་མཆོག་གིས་གསུང་བཤད་གནང་དོན། མི་མང་པོ་ཞིག་ལ་དུད་འགྲོ་དང་འབྲེལ་ཐག་ཉེ་ཤོས་དེ་ཤ་ཟ་དུས་ཆགས་བཞིན་ཡོད།
འོན་ཀྱང་རྒྱ་གར་མི་འབོར་ལ་གཞིགས་པའི་ཆ་སྙོམ་ཐོག་ནས་བརྩིས་རྒྱག་སྐབས་ལོ་རེའི་ནང་མི་རེ་རེས་ཤ་ཀི་ལོ་གསུམ་དང་ཕྱེད་ཀ་ཟ་བཞིན་ཡོད་པ་དང་། ཨ་རི་དང་ཕ་རན་སི་ལྟ་བུའི་ནང་ཆ་སྙོམ་ལོ་རེའི་ནང་མི་རེས་ཤ་ཀི་ལོ་ ༡༠༠ མ་ཟིན་ཙམ་ཟ་བཞིན་ཡོད། རྒྱ་གར་ནང་དུད་འགྲོར་བྱམས་བརྩེ་བྱ་རྒྱུའི་ས་བོན་དེ་སྔ་ཡོད་བཞིན་པ་དེར་ད་ཆ་ཤུགས་ཆེ་རུ་གཏོང་དགོས་སྐོར་སོགས་ཀྱིས་གསུང་བཤད་གནང་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
ཆོས་གྲོགས་ཕོ་མོ་ཚོར་འཚམས་འདྲི་ཞུ་རྒྱུ་ཡིན། ངོས་རང་དུད་འགྲོར་བྱམས་བརྩེའི་ཐོག་ནས་སྲུང་སྐྱོབས་བྱ་རྒྱུ་གལ་ཆེ་ཡིན་སྐོར་གྱི་ལྷན་ཚོགས་འདིར་བཅར་ཐུབ་པར་ཧ་ཅང་དགའ་པོ་བྱུང་། དེ་སྔ་ངོས་ཀྱི་གྲོགས་པོ་ཚན་རིག་པ་སྐུ་ཞབས་ཕེ་རན་སི་སི་ཀོ་ཝ་ལེ་ར་དམ་པ་མཆོག་ late Francisco Varela དང་ལྷན་སྲོག་ལྡན་གྱི་གོ་དོན་ཐོག་གོ་བསྡུར་ཡུན་རིང་བྱས་མཐར། རང་དབང་ཐོག་གནས་གཅིག་ནས་གཞན་ཞིག་ཏུ་འགྲོ་བསྐྱོད་ཐུབ་མཁན་རིགས་ལ་སྲོག་ལྡན་ངོས་འཛིན་བྱ་རྒྱུའི་ཁས་ལེན་བྱུང་སོང་། དེ་འདྲ་བྱས་ཚེ་འབུ་སྲིན་ཧ་ཅང་ཕྲ་མོ་ཨེ་མོ་བྷ་ amoebas དང་ང་ཚོའི་ཉེ་འཁོར་གྱི་ཁོར་ཡུག་ནང་མཐོང་རྒྱུ་ཡོད་པའི་སེམས་ཅན་ཚང་མ་སྲོག་ལྡན་ཁོངས་སུ་གཏོགས་ཡོད། ཉི་མའི་མེ་ཏོག་ལྟ་བུར་མཚོན་ན་ཉི་མའི་ངོས་སུ་ཁ་ཕྱོགས་བཞིན་ཡོད་ཀྱང་དེ་ནི་རྫས་འགྱུར་ནུས་པ་ལས་རང་དབང་གིས་གཡོ་འགུལ་བྱས་པ་ཞིག་མིན། ང་ཚོའི་ལྟོ་ཆས་ལ་ཆ་མཚོན་ན་དཀར་སྐྱོང་བསྟེན་རྒྱུ་དེ་ཡག་པོ་ཡོད།
ངོས་ཀྱིས་དེ་སྔ་ཕྱི་ལོ་ ༡༩༦༥ ལོར་ཀེ་ར་ལར་བསྐྱོད་སྐབས་མ་བྱན་ཞིག་གིས་བྱ་མོ་གསོད་པ་མཐོང་བྱུང་། དུས་དེ་ནས་ཟླ་བ་ ༡༠ ཙམ་རིང་ངོས་ཀྱིས་ཤ་སྤངས་ཏེ་དཀར་སྐྱོང་ཁོ་ནར་བསྟེན་པ་ཡིན། དེར་བརྟེན་མཁྲིས་པ་ན་བྱུང་བས་ཕྱི་ལུགས་སྨན་པ་དང་གསོ་རིགས་སྨན་པ་བསྟེན་གཏུགས་བྱེད་སྐབས་ཤ་ཏོག་ཙམ་ཟ་དགོས་པ་གསུངས་བྱུང་། དེ་སྔ་ངོས་རང་བོད་དུ་ཡོད་སྐབས་གཞུང་འབྲེལ་མཛད་སྒོའི་སྐབས་དཀར་སྐྱོང་ཁོ་ན་མ་གཏོགས་བཏང་མི་ཆོག་པ་ངོས་ཀྱིས་བཀོད་ཁྱབ་བཏང་ཡོད། ཕྱོགས་མཚུངས་དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དང་གདན་ས་གསུམ་གྱིས་གཙོས་དགོན་པ་གྲྭ་ཚང་ཕལ་མོ་ཆེའི་ནང་དཀར་སྐྱོང་བསྟེན་བཞིན་ཡོད། རྒྱའི་དགེ་སློང་ཕོ་མོ་ཚོས་དཀར་སྐྱོང་ཁོ་ན་བསྟེན་བཞིན་ཡོད་ཀྱང་། ཐའི་ལན་ཌི་དང་བྷར་མ། ཤྲི་ལངྐ་སོགས་ཀྱི་དགེ་སློང་ཕོ་མོ་ཚོས་ལྷུང་བཟེད་གནམས་ཏེ་ཟས་སློང་ནས་མཆོད་དགོས་པར་བརྟེན་སྦྱིན་བདག་གིས་གང་གནང་བ་དེ་མཆོད་རྒྱུ་མ་གཏོགས་ཤ་ཡིན་མིན་གདམ་ཀ་བྱེད་མི་ཆོག་པ་སྟོན་པས་བཀས་བཅད་ཡོད། བོད་ནང་ལྟ་བུར་ཆ་མཚོན་ན། འབྲོག་པའི་འཚོ་བའི་ནང་ཤ་མ་ཟ་ན་གནམ་གཤིས་གྲངས་ངར་ཆེ་བ་དང་ཟ་འབྲུའི་རིགས་ཧ་ཅང་དཀོན་པོ་ཡིན་པར་བརྟེན་འཚོ་ཐབས་བྲལ།
འོན་ཀྱང་འབྲོག་པ་ཚོས་དུད་འགྲོ་ཟས་ཀྱི་ཆེད་གསོ་སྐབས་དུད་འགྲོ་དེ་ཚེ་ཕྱི་མ་སྐྱེ་བ་བཟང་པོ་ཞིག་སླངས་པར་ཤོག ཅེས་སྨོན་ལམ་འདོན་སྲོལ་ཡོད། ཅེས་སོགས་ཀྱིས་བཀའ་སློབ་སྩལ་རྗེས་རྒྱ་གར་གྱི་ན་གཞོན་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཅེ་ཏན་བྷ་ག་ཏིས་༸གོང་ས་མཆོག་ལ་རྒྱ་གར་ནང་ཆབ་སྲིད་པ་ཚོས་དབང་ཆ་བེད་སྤྱོད་ལོགས་པ་བྱེད་བཞིན་པ་དེར་བཟང་ཕྱོགས་ཀྱི་འགྱུར་བ་ཇི་ལྟར་གཏོང་ཐུབ་མིན་གྱི་དྲི་བ་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ཤེས་ཡོན་ཐོག་ནས་འགྱུར་བ་གཏོང་ཐུབ་སྐོར་བཀའ་ལན་སྩལ།
དེ་རྗེས་ཚོགས་ཁང་དེ་ནས་ཆིབས་སྒྱུར་བསྐྱངས་ཏེ་གསར་འགོད་ལྷན་ཚོགས་སུ་བཀའ་སློབ་སྩལ། སྐབས་དེར་རྒྱ་ནག་འགོ་ཁྲིད་གསར་པ་འཕོ་འགྱུར་ཐོག་བཟང་ཕྱོགས་ཀྱི་ཐུགས་རེ་མཛད་བཞིན་ཡོད་མེད་ཀྱི་དྲི་བ་ཞུས་པར་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོ་མི་སྒེར་གྱི་ཐོག་ནས་ལྟ་སྐབས་མི་ཡག་པོ་ཡོད་ཀྱང་། དམར་པོའི་ལམ་ལུགས་དེ་ཧ་ཅང་མཁྲེགས་པོ་ཡིན། དེང་སྐབས་འཛམ་གླིང་ནང་གཅིག་བསྡུས་རིང་ལུགས་ཇེ་ཉུང་དུ་འགྲོ་བཞིན་ཡོད། རྒྱ་ནག་ནས་ཀྱང་འཛམ་གླིང་སྤྱི་འདྲ་སྤྱི་མཚུངས་ཐོག་ནས་མང་གཙོ་དང་ཁྲིམས་ཀྱི་དབང་འགྱུར་ཕྱོགས་སུ་འགྱུར་བ་གཏོང་རྒྱུ་ལས་གདམ་ཁ་གཞན་གང་ཡང་མེད། འོན་ཀྱང་འགྱུར་བ་ལམ་གསེང་ཡོང་མིན་བརྗོད་རྒྱུ་ནི་ད་ལྟའི་ཆར་ཏོག་ཙམ་སྔ་དྲག་པ་རེད།
དེར་བརྟེན་ངང་སྒུག་བྱས་ནས་ལྟ་རྒྱུ་རེད། ཅེས་སོགས་ཀྱི་བཀའ་ལན་སྩལ་བསྟུན། ཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་གྱི་དེར་བཅར་ཡོད་པའི་ཁུལ་དེའི་སུད་ཚོང་བ་དང་སློབ་ཕྲུག་སོགས་བོད་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་འཁྱུག་ཙམ་སྩལ་རྗེས་ཕྱི་ཚེས་ ༢༩ ཉིན་མོན་གྷོ་འདོད་རྒྱུ་གླིང་གཞིས་ཆགས་སུ་ཆིབས་༸ཞལ་བསྒྱུར་ཡོད་པ་བཅས།།