༢༠༡༢ ཟླ་ ༡༠ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༦ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལྕམ་སྐུ་ཝིཀ་ཊོ་རི་ཡ་ནུ་ལཎྜ་ (Victoria Nuland) མཆོག་གིས་ཨ་རིའི་ཕོ་བྲང་དཀར་པོའི་ཉིན་རེའི་གསར་འགོད་ལྷན་ཚོགས་ཤིག་སྐབས་གསར་འགོད་པ་ཞིག་གིས་ཉེ་ཆར་རྒྱ་ནག་གཞུང་ནས་བོད་མིས་རང་ལུས་མེར་སྲེག་གཏོང་བའི་ལས་འགུལ་ཇུས་འགོད་པ་རྩིས་སྤྲོད་བྱས་ཚེ་བྱ་དགའ་སྤྲོད་རྒྱུའི་གསལ་བསྒྲགས་སྤེལ་བའི་གནད་དོན་དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་མཁྱེན་རྟོགས་ཡོད་དམ་ཞེས་པའི་དྲི་བར། ལྕམ་སྐུ་མཆོག་གིས་ལན་འདེབས་གནང་དོན། གནས་ཚུལ་དེའི་སྐོར་ཤེས་རྟོག་མ་བྱུང་ཡང། ཨ་རིའི་གཞུང་གིས་བོད་མིའི་གནས་སྟངས་སྤྱི་དང་ཡང་སྒོས་བོད་རིགས་གནས་སྡོད་བྱེད་སའི་ས་ཁུལ་དུ་དམ་བསྒྲགས་ཧ་ཅང་ཆེན་པོ་བྱས་དང་བྱེད་མུས་ཡིན་པ་མ་ཟད། ལྷག་པར་བོད་མིས་རང་ལུས་མེར་སྲེག་གི་གནད་དོན་དེ་རིགས་ལ་ང་ཚོར་ཧ་ཅང་བློ་འཚབ་ཆེན་པོ་ཡོད་པ་རྒྱ་ནག་གཞུང་གི་དཔོན་རིགས་ཚོ་དང་ཐུག་འཕྲད་སྐབས། བསམ་ཚུལ་བཏོན་དང་འདོན་མུས་ཡིན། དེ་བཞིན་ང་ཚོའི་ངོས་ནས་གནས་ཚུལ་དེའི་ཐད་ཕྱི་ཕྱོགས་ལ་ང་ཚོའི་ལངས་ཕྱོགས་གསལ་བཤད་ཞུ་བཞིན་ཡོད་པ་མ་ཟད ང་ཚོས་མུ་མཐུད་རྒྱ་ནག་གཞུང་ལ་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ལ་ཉེན་ཁ་བཟོ་བཞིན་པའི་སྲིད་བྱུས་དེར་འགྱུར་བ་བཏང་སྟེ་བོད་མིའི་དངོས་ཡོད་དཀའ་ངལ་རྣམས་སེལ་ཐབས་བྱེད་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་ལན་འདེབས་གནང་འདུག་པ་བཅས། །