༢༠༡༢ ཟླ་ ༡༠ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བཀའ་ཤག་གི་མདུན་ཐང་དུ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་རྒྱ་གར་རང་བཙན་འཐབ་རྩོད་པ་མེས་པོ་དམ་པ་གྷན་དི་ (Mahatma Gandhi) མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་དང་དྲུང་ཆེ་རྣམ་པ། ཟུང་དྲུང་ཡན་གྱི་སྲི་ཞུའི་ལས་བྱེད་ཡོངས་ཚང་འཛོམས་ཐོག་མཛད་སྒོ་སྲུང་བརྩི་ཞུས་ཡོད། དེ་ཡང་མཛད་སྒོའི་ཐོག་མར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་རྒྱལ་དར་སྒྲེང་འཛུགས་གནང་རྗེས་ཚོགས་བཅར་བ་ཚང་མས་རྒྱ་གར་རྒྱལ་གླུ་དབྱངས་སུ་གྱེར། དེ་རྗེས་སྲིད་སྐྱོང་མཆོག་གིས་མཛད་སྒོ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་དོན། དེ་རིང་མེས་པོ་དམ་པ་གྷན་དི་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོར་བཀའ་ཤག་དང་ལས་བྱེད་རྒན་གྲས་རྣམས་ལྷན་འཛོམས་གནང་དགོས་དོན་ནི། མེས་པོ་དམ་པ་གྷན་དི་མཆོག་ནས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ཐབས་ལམ་ལ་གཞི་བཅོལ་ཏེ་དབྱིན་ཇིའི་དབང་འོག་ནས་རྒྱ་གར་རང་བཙན་ཐོབ་ཐུབ་པ་བྱུང་ཡོད། ཕྱོགས་མཚུངས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཀྱང་མེས་པོ་དམ་པ་ཁོང་ལ་ཆེ་བསྟོད་ཞུ་ཆེད། ལོ་ལྟར་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་མོ་དེ་འཚེ་མེད་ཞི་བའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་ཀྱིས་གྲོས་ཆོད་ཀྱང་བཞག་ཡོད། ང་ཚོ་བོད་མི་ཚོར་ཆ་བཞག་ནའང་ང་ཚོའི་འཐབ་རྩོད་དེ་ཡང་འཚེ་མེད་ཞི་བའི་ཐབས་ལམ་ལ་གཞི་བཅོལ་བའི་འཐབ་རྩོད་གཅིག་ཡིན་སྟབས། མེས་པོ་དམ་པ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོར་དགའ་སེམས་འཁོལ་བའི་ངང་ནས་སྲུང་བརྩི་ཞུ་རྒྱུ་ཡིན་ཞེས་བརྗོད་འདོད་བྱུང།
མེས་པོ་དམ་པ་ཁོང་ནི་ཕྱི་ལོ་ ༡༨༦༩ ནང་རྒྱ་གར་གུ་ཇི་ར་ཏིའི་མངའ་སྡེའི་ནང་པོར་བྷུན་དར་ཞེས་པའི་གྲོང་སྡེ་ཞིག་གི་ནང་སྐུ་འཁྲུངས། དེ་རྗེས་ཁུལ་དེའི་སློབ་གྲྭའི་ནང་སློབ་སྦྱོང་མཐར་ཕྱིན་རྗེས་ཕྱི་ལོ་ ༡༨༨༨ ལོར་ཨིན་ཇིའི་ལུང་པར་ཁྲིམས་ཀྱི་སློབ་སྦྱོང་ཆེད་ཕེབས། དེ་ནས་ཕྱི་ལོ་ ༡༨༩༡ ལོར་རྒྱ་གར་དུ་ཕྱིར་ཕེབས་ཏེ་ལོ་གཉིས་ཙམ་བཞུགས། དེ་ནས་ལྷོ་ཨ་ཕི་རི་ཀར་ཕེབས་ཏེ་ཁུལ་དེར་ལོ་ངོ་ ༢༡ ཙམ་བཞུགས། དེ་རྗེས་ཕྱི་ལོ་ ༡༨༡༥ ལོར་རྒྱ་གར་དུ་སླར་ཡང་ཕྱིར་ཕེབས་ཏེ་ཕྱི་ལོ་ ༡༨༢༡ ལོར་རྒྱ་གར་ཀོངྒ་རེ་སི་ཚོགས་པའི་ནང་འཛུལ་ཞུགས་གནང་སྟེ་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་ (Satyagraha) དང་། དབྱིན་ཇི་རྒྱ་གར་ནས་ཕྱིར་ལོག་དགོས་ (Quit India) ཞེས་པའི་ལས་འགུལ་དང། ཨིན་ཇི་དང་འབྲེལ་ལམ་མཚམས་འཇོག་བྱ་རྒྱུའི་ལས་འགུལ་(non cooperation movement) སོགས་འཚེ་མེད་ཞི་བར་གཞི་བཅོལ་བའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་སྣ་མང་ཞིག་སྤེལ་ཡོད་པ་མ་ཟད། རྒྱ་གར་ནང་རིགས་དམན་པར་བརྩི་བཞིན་པའི་མང་ཚོགས་མགོན་མེད་རྣམས་ལ་དཀོན་མཆོག་གི་ཕྲུ་གུ་ (Harijan) ཞེས་མིང་བཏགས་ཏེ་མི་རིགས་དབྱེ་འབྱེད་ཀྱི་ལམ་ལུགས་དེར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་མ་ཟད། རྒྱ་གར་ནང་ཧིན་དུ་དང་ཁ་ཆེ་སོགས་ཆོས་ལུགས་འདྲ་མིན་དར་བཞིན་ཡོད་པ་རྣམས་ཕན་ཚུན་མཐུན་སྒྲིལ་གོང་མཐོར་གཏོང་ཆེད་འབད་བརྩོན་ཤུགས་ཆེ་གནང་ཡོད། ཅེས་གསུང་བཤད་གནང་སྟེ་མེས་པོ་དམ་པ་གྷན་དི་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་བཅས།།