༢༠༡༢ ཟླ་ ༡༠ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་མཆོག་གིས་བོད་རྒྱ་གཉིས་བར་འབྲེལ་མོལ་ཡོང་ཐབས་སྐོར་ཨ་རིའི་ཧར་ཝ་ཌི་གཙུག་ལག་སློབ་གཉེར་ཁང་དུ་གསུང་བཤད་གནང་ཡོད།
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༩ ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་ཧར་ཝ་ཌི་ (Harvard university) གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་ནང་མཐོ་སློབ་དེའི་སློབ་ཕྲུག་གིས་གཙོས་རྒྱལ་སྤྱིའི་ཁྲིམས་ལུགས་ཉམས་ཞིབ་པ་སོགས་ཁྱོན་མི་གྲངས་བརྒྱ་སྐོར་ལ་གསུང་བཤད་གནང་དོན། དེ་རིང་ང་རང་གཙུག་ལག་སློབ་གཉེར་ཁང་དུ་སླེབས་ཏེ་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་།། སྤྱིར་བཏང་ལོ་རྒྱུས་ནང་བོད་དང་རྒྱ་ནག་གཉིས་ཞི་བདེ་འཆམ་མཐུན་ཐོག་གནས་པའི་ཁྱིམ་མཚེས་རྒྱལ་ཁབ་གཅིག་ཡིན། དེར་བརྟེན་མ་འོངས་པར་ཡང་ཕྱོགས་ཕན་ཚུན་དབར་འཆམ་མཐུན་མཉམ་གནས་ཀྱི་ལམ་ལུགས་ཤིག་བསྐྲུན་ཐུབ་སྲིད་པས། དེ་ལྟར་ཡོང་ཐབས་ཆེད་ཕྱོགས་གཉིས་ཀའི་ཁེ་ཕན་སླད་ཚིག་དོན་ཙམ་མ་ཡིན་པར་ཞི་བའི་འབྲེལ་མོལ་གྱི་ཐབས་ལམ་ཐོག་ནས་དཀའ་ངལ་སེལ་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ད་ལྟའི་ཆར་རྒྱ་ནག་གཞུང་ནས་བོད་མིའི་ཐོག་མཁྲེགས་བཟུང་གི་སྲིད་བྱུས་བཟུང་དང་འཛིན་བཞིན་ཡོད། བོད་ཀྱི་རྒྱལ་ས་ལྷ་སའི་སྲང་ལམ་ཁག་ནང་རྒྱང་ཐག་མི་ཊར་སུམ་ཅུ་ཙམ་གྱི་ས་ཚིགས་སུ་རྒྱ་ནག་གཞུང་ནས་ཉེན་རྟོག་དམག་མི་མང་དག་འགྲེམས་འཇོག་བྱས་ཏེ་ས་གནས་བོད་མི་རྣམས་ཀྱི་འགྲོ་བསྐྱོད་རང་དབང་ལ་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད། དེར་བརྟེན་བོད་ནང་གི་བོད་མི་རྣམས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་གནས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ནས་ཚོགས་བཅར་བ་ཞིག་གིས་རྒྱ་ནག་གཞུང་ནས་བོད་ནང་ཡར་རྒྱས་ཤུགས་ཆེ་བཏང་ཡོད་སྐོར་གྱི་དྲི་བར་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་དོན། འགྲོ་བ་མི་ཞིག་གི་སེམས་གཏིང་གི་རང་དབང་དེ་ཕྱིའི་མཐུན་འགྱུར་ལྡན་པའི་དངོས་རྫས་ཀྱི་བརྗེ་པོ་རྒྱག་ཐུབ་བམ། བོད་ནང་གི་བོད་མི་ཚོའི་ཕྱི་དངོས་པོའི་མཐུན་རྐྱེན་ལས་ནང་སེམས་ཀྱི་བདེ་སྐྱིད་གལ་ཆེ་བ་ཆགས་ཀྱི་ཡོད། དེ་བཞིན་ད་ལྟ་བར་བོད་ནང་གི་བོད་མི་ལྔ་བཅུ་བརྒལ་བས་བོད་ཀྱི་བདེན་དོན་སླད་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་བའི་བརྒྱུད་རིམ་ཁྲོད་ནས་བོད་རྒྱ་ཕྱོགས་གཉིས་ནས་འཕྲལ་མར་ཞི་བའི་འབྲེལ་མོལ་གྱི་སྲིད་བྱུས་ལ་བློ་གཏད་ཕྱོགས་དགོས་པ་ཞིག་ཆགས་ཡོད། ཞི་རྒོལ་དེ་དག་རྒྱུ་རྐྱེན་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཐུག་གི་ཡོད་པ་ལས་བཙན་བྱོལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ངོས་ནས་རང་ལུས་མེར་སྲེག་གི་ལས་འགུལ་ལ་དུས་ནམ་ཡང་བརྒྱུད་བསྐུལ་བྱེད་ཀྱི་མེད། གལ་ཏེ་བོད་དོན་ཆེད་བོད་ནང་གི་བོད་མི་གང་རུང་ཞིག་གིས་བློས་གཏོང་གནང་སྐབས། བཙན་བྱོལ་སྤྱི་ཚོགས་ངོས་ནས་ཁོང་རྣམ་པའི་མངོན་འདོད་ལ་ཆེ་མཐོང་དང་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། ཁོང་རྣམ་པའི་མངོན་འདོད་ཀྱི་འབོད་སྒྲ་རྒྱལ་སྤྱིའི་སྟེང་བསྐྱལ་ཐུབ་ཐབས་བྱ་རྒྱུ་ནི་བཙན་བྱོལ་དུ་ཡོད་པའི་བོད་མིའི་འགན་འཁྲི་ཆགས་ཡོད། རྒྱ་ནག་རྒྱལ་ཁབ་དེ་བཞིན་རྒྱལ་སྤྱིའི་ནང་དཔལ་འབྱོར་འཛུགས་སྐྲུན་དང་ཆེ་མཐོང་གུས་བཀུར་ལྡན་པའི་རྒྱལ་ཁབ་ཅིག་ཆགས་དགོས་ན། རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་གནད་དོན་ཐོག་ལ་འགན་ཁུར་ཆེ་ཙམ་ལེན་དགོས། ཞེས་ལན་འདེབས་གནང་ཡོད།