༢༠༡༢ ཟླ་ ༡༠ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨི་ཊ་ལིའི་རྒྱལ་ས་རོམ་(Rome)དུ་འབྱོར་སྐབས་རོམ་གྲོང་ཁྱེར་སྲིད་གཞུང་གི་ཚོགས་གཙོ་སྐུ་ཞབས་ནི་ཀོ་ལ་ཛིང་གྷ་རེ་ཊི་(Mr. Nicola Zingaretti) མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་སྐབས་སྐུ་ཞབས་ནི་ཀོ་ལ་ཛིང་གྷ་རེ་ཊི་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་དྲིས་གནང་བར་སྲིད་སྐྱོང་མཆོག་གིས་དེང་སྐབས་བོད་ནང་གི་བོད་མིའི་གནས་སྟངས་ཧ་ཅང་ཛ་དྲག་ཡོད་སྐོར་གསལ་བཤད་གནང་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གིས་ཨི་ཊ་ལི་བོད་རིགས་མཐུན་ཚོགས་དང་། AREF International Onlus ཞེས་པའི་ཚོགས་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཚོགས་པ་གསུམ་གྱིས་གོ་སྒྲིག་འོག་ལྷན་ཚོགས་ཤིག་ཏུ་ཕེབས་ཏེ་གསུང་བཤད་གནང་དོན།
རོམ་ས་གནས་སྲིད་གཞུང་ནས་བོད་མིའི་ཤེས་ཡོན་ཐོག་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་གནང་བ་དེས་བོད་མིའི་མ་འོངས་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་མ་ཟད། བོད་ནང་གི་བོད་མི་རྣམས་ཀྱི་མངོན་འདོད་བསྒྲུབ་རྒྱུར་ཡང་ཕན་ཐོགས་ཆེན་པོ་བྱུང་ཡོད། དེ་བཞིན་ཨི་ཊ་ལིའི་ནང་ཡོད་པའི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཚོགས་པ་ཁག་ཡོངས་ལ་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ཀྱི་གནད་དོན་འདི་བཞིན་གསོན་པོར་གནས་རྒྱུར་ཁྱེད་རྣམ་པའི་རྒྱབ་སྐྱོར་དགོས་གལ་ཆེན་པོ་ཆགས་ཡོད། ཁྱེད་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཡི་རང་བསྔགས་བརྗོད་དང་ལྷན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང།
ལྷག་པར་སྲིད་སྐྱོང་མཆོག་གིས་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་གསུང་དོན། འདས་པའི་ཉིན་གྲངས་བདུན་ནང་བོད་ནང་རྒྱ་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་བོད་མི་བཞིས་རང་ལུས་མེར་སྲེག་བཏང་ཡོད། ངས་བོད་མི་རྣམས་ལ་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་དེ་རིགས་མ་སྤེལ་རོགས་ཞེས་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང། སྐད་ཡིག་བཅས༌ཀྱི་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང། དེ་བཞིན་བོད་ཀྱི་འབྲོག་པ་རྣམས་བཙན་དབང་ཐོག་གཞིས་སྤོས་བཅུག་པའི་རྐྱེན་གྱིས་བོད་མི་རྣམས་ཀྱིས་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་འདི་ལྟ་བུ་སྤེལ་དགོས་ཐུག་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།