༢༠༡༢ ཟླ་ ༡༠ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་རྣམ་པས་གཙོས་ཅེཀ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་གིས་འགན་ཁུར་ཁུར་རྐང་བཞེས་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༡ ཉིན་བོད་དོན་དང་འབྲེལ་བའི་བགྲོ་གླེང་ལྷན་ཚོགས་ཤིག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་(Prague)གི་ཚོམས་ཆེན་ནང་གོ་སྒྲིག་གནང་ཡོད་པ་དང་བགྲོ་གླེང་ནང་གསུང་བཤད་གནང་མཁན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་ཁུལ་དེའི་མི་མང་རྣམས་ལ་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་ཡོད།
དེ་ཡང་གོ་སྒྲིག་ཚོགས་ཆུང་ནས་སྤེལ་བའི་གསར་འགོད་བསྒྲགས་གཏམ་ནང་འཁོད་དོན། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་འབྲེལ་ཐོག་ནས་གོ་སྒྲིག་གནང་བའི་བོད་དོན་དང་འབྲེལ་བའི་བགྲོ་གླེང་དེར་མི་མང་གང་མང་ནས་མཉམ་ཞུགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུའི་སེམས་ཁུར་སྟོན་རྒྱུ་ཙམ་མ་ཟད། ལྷན་ཚོགས་དེའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་གཙོས་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་གསུང་བཤད་གནང་རྒྱུའི་ལས་རིམ་ཞིག་ཀྱང་བང་སྒྲིག་ཡོད། དེ་བཞིན་གོ་སྒྲིག་ཚོགས་ཆུང་ངོས་ནས་བོད་དོན་གྱི་བགྲོ་གླེང་ལྷན་ཚོགས་དེ་གོ་སྒྲིག་གནང་བ་བརྒྱུད་དོན་ཚན་གཉིས་ཅན་གྱི་དགོས་འདུན་ཁག་གཉིས་བཏོན་ཡོད། དགོས་འདུན་དང་པོ། ཞི་བདེར་དགའ་བའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་ནས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་ཁག་སྣེ་ཁྲིད་གནང་སྟེ་འཛམ་གླིང་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་རྣམས་དང་ལྷན་དུ་དབུ་ཁྲིད་མཉམ་རུབ་ཀྱིས་བོད་ཀྱི་གྲོགས་པོ་ཆགས་ཐུབ་ཐབས་གནང་སྟེ་བོད་དོན་ལ་རྒྱབ་སྐྱོར་གནང་དགོས། གཉིས་པ། རིང་མིན་ཚོགས་ལ་ཉེ་བའི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་འཕོ་འགྱུར་དང་བསྟུན་རྒྱ་ནག་གཞུང་གིས་རྒྱུན་དུ་བརྗོད་བཞིན་པའི་དཔལ་འབྱོར་ཡར་རྒྱས་དང་ཞི་བདེ་འཆམ་མཐུན་ལྡན་པའི་སྤྱི་ཚོགས་ཤིག་དགོས་ན། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་དངོས་ཡོད་དཀའ་ངལ་ལ་བསམ་གཞིགས་ཀྱིས་དྲག་རྩུབ་ཀྱི་སྲིད་བྱུས་འཕྲལ་མར་མཚམས་འཇོག་དགོས་བྱེད་དགོས་པ་མ་ཟད། ཕྱོགས་ཕན་ཚུན་དབར་དོན་སྙིང་ལྡན་པའི་གྲོས་མོལ་གྱི་ཐབས་ལ་འཇུག་དགོས། ཞེས་བཀོད་ཡོད་པ་བཅས། །