༢༠༡༢ ཟླ་ ༡༠ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་སེར་བྱེས་གྲྭ་ཚང་ཐུན་མོང་གིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༧ དང་ ༢༨ ཉིན་གཉིས་རིང་སྦེང་ལོར་ཁུལ་གྱི་མཐོ་རིམ་སློབ་མ་གྲངས་ ༣༨ ལ་ནང་ཆོས་ངོ་སྤྲོད་ཀྱི་ཟབ་སྦྱོང་ཞིག་སེར་བྱེས་ཡིད་དགའ་ཆོས་གླིང་དུ་ཚོགས་ཡོད།
དེ་ཡང་ཉིན་དང་པོར་སེར་བྱེས་མཁན་པོ་བློ་བཟང་བདེ་ལེགས་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་བོད་པའི་ན་གཞོན་རྣམས་དུས་རབས་ཉེར་གཅིག་པའི་ནང་པ་ཚད་ལྡན་ཞིག་ཡོང་བར་ཆོས་ལ་དད་པ་ཙམ་མ་ཡིན་པར་རྒྱུན་དུ་ནས་ཆོས་ལ་དོ་སྣང་དང་སློབ་སྦྱོང་བྱེད་རྒྱུ་གལ་ཆེ་ཡིན་སྐོར་སོགས་ཀྱི་གསུང་བཤད་དང་འབྲེལ་སེར་བྱེས་དགོན་པའི་ངོ་སྤྲོད་སྙིང་བསྡུས་གནང། དེ་རྗེས་ཁང་གསར་རིན་པོ་ཆེ་མཆོག་གིས་བདེན་པ་བཞིའི་སྐོར་སློབ་ཕྲུག་རྣམས་ལ་ངོ་སྤྲོད་དང་དྲི་བ་དྲིས་ལན་གནང༌། ཉིན་རྒྱབ་དགེ་གཤེས་ཚེ་དབང་སྟོབས་ལྡན་ལགས་ཀྱིས་རྟེན་འབྲེལ་རྣམ་བཞག་སྐོར་ངོ་སྤྲོད་དང་འདྲི་བ་དྲིས་ལན་གནང༌། ཉིན་གཉིས་པར་ཁང་གསར་རིན་པོ་ཆེ་མཆོག་གིས་སྒོམ་རྒྱག་སྟངས་དང་ཁོང་ཁྲོ་ཉུང་དུ་གཏོང་ཐབས་སོགས་ཀྱི་སྐོར་གསུང་བཤད་གནང་རྗེས་དགེ་བཤེས་ཉི་མ་བཀྲ་ཤིས་ལགས་ཀྱིས་ནང་པའི་ཚན་རིག་སྐོར་གསུང་བཤད་གནང༌། གོང་གསལ་བརྗོད་གཞི་ཁག་གི་ཐོག་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་ཁག་ཚོགས་ཆུང་ལྔར་ཆ་བགོས་ཀྱིས་སྦྱང་བཤད་གོ་བསྡུར་ཡང་གནང་ཡོད།
ཉིན་མཐའ་མའི་མཇུག་བསྡོམས་མཛད་སྒོར་སེར་བྱེས་མཁན་རིན་པོ་ཆེ་བློ་བཟང་བདེ་ལེགས་མཆོག་ཆེད་ཕེབས་ཀྱིས་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྣམས་ལ་མུ་མཐུད་ནང་ཆོས་ལ་དོ་སྣང་བྱ་རྒྱུ་གལ་ཆེ་ཡིན་སྐོར་གསུང་བཤད་གནང་བ་དང་ཆབས་ཅིག མ་འོངས་པར་ཟབ་སྦྱོང་འདི་རིགས་ཐོག་སེར་བྱེས་གྲ་ཚང་ངོས་ནས་མཐུན་འགྱུར་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་སྟེ་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྣམས་ལ་ཕྱག་འཁྱེར་ཡང་གནང་ཡོད་པ་བཅས།།