༢༠༡༢ ཟླ་ ༡༠ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༩ ནས་ ༣༡ བར་ཉིན་གྲངས་གསུམ་རིང་མགོན་པོ་གང་ཉིད་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡ་གཙོ་བོར་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་དབུ་མ་རྩ་བ་ཤེས་རབ་ཀྱི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་ཀོ་རི་ཡའི་དད་ལྡན་རྣམ་པའི་འཐུས་མིས་སྤོས་སྣེས་སྔོན་བསུས་ཏེ་༸གོང་ས་མཆོག་ཕོ་བྲང་ནས་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་ཀོ་རི་ཡའི་སྐད་ཐོག་ནས་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་ནས་མགོན་པོ་གང་ཉིད་མཆོག་གིས་དེར་འདུས་ཀོ་རི་ཡ་དད་ལྡན་ཆོས་ཞུ་བ་མི་གྲངས་ ༢༥༠ དང་། རྒྱ་ནག་སྐམ་ས། རྒྱ་གར་གྱི་མི་གྲངས་ ༡༧༠། ཕྱིའི་རྒྱལ་ཁབ་ཁག་ནས་ ༡༤༤༦། དེ་བཞིན་རང་རིགས་སེར་སྐྱ་མི་མང་མི་གྲངས་ ༢༦༩༠ བཅས་ཁྱོན་བསྡོ༞མས་མི་གྲངས་ ༤༥༥༦ བརྒལ་བར་དབུ་མ་རྩ་བ་ཤེས་རབ་ཀྱི་གསུང་ཆོས་བཀྲིན་ཆེ་སྐབས་ཐོག་མར་ནང་ཆོས་ངོ་སྤྲོད་ཀྱི་བཀའ་སློབ་ཕེབས་དོན། དེ་རིང་གདུལ་བྱ་གཙོ་བོ་ཀོ་རི་ཡའི་ཆོས་གྲོགས་ཚོ་ཆགས་ཡོད་པས་ངོས་ཀྱིས་ཐོག་མར་ཁྱེད་ཚོ་ཚང་མར་འཚམས་འདྲི་དང་དགའ་བསུ་ཞུ་གི་ཡོད།
ང་ཚོ་ཚང་མ་དུས་རབས་ཉེར་གཅིག་འདིའི་ནང་མི་ཚེ་སྐྱེལ་བཞིན་ཡོད། ངོས་ཀྱིས་ནམ་རྒྱུན་དུ་རང་ལོ་སུམ་ཅུ་དང་ཉི་ཤུ་མན་ཆད་དེ་དག་དུས་རབས་ཉེར་གཅིག་ནང་གི་མི་རབས་དང་། རང་ལོ་དྲུག་ཅུ་བདུན་ཅུར་སླེབས་ཡོད་པ་རྣམས་དུས་རབས་ཉི་ཤུའི་ནང་གི་མི་རབས་ཆགས་ཡོད་ཅེས་བརྗོད་ཀྱི་ཡོད། དུས་རབས་ཉེར་གཅིག་འདི་ལོ་བཅུ་ཕྲག་གཅིག་ལྷག་མ་གཏོགས་ཕྱིན་མེད། འཛམ་གླིང་སྤྱིའི་ཆ་ནས་བཤད་ན། དུས་རབས་གསར་པ་འདི་དུས་རབས་རྙིང་པ་དང་མི་འདྲ་བར་ཞི་བདེ་ལྡན་པ་ཞིག་བཟོ་དགོས། ཞི་བདེ་དེ་ཡང་སེམས་ནང་གི་ཞི་བདེ་བརྒྱུད་ནས་ཡོང་དགོས། ཞི་བདེ་བརྗོད་སྐབས་ཁ་ནས་བརྗོད་པ་ཙམ་དང་ཡིག་ཆ་བཞག་པས་ཕན་ཐོགས་མེད། ཞི་བདེ་དངོས་གནས་ཤིག་བསྐྲུན་དགོས་བྱུང་ན་སྔོན་ལ་སེམས་ལ་ཞི་བདེ་བསྐྲུན་དགོས། དེང་སྐབས་ཚན་རིག་པ་ཚོའི་ནང་ནས་རྣམ་པར་ཤེས་པར་ཞེས་པ་དེ་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག གང་ལྟར་ཀླད་པའི་འགྲོ་སྟངས་དེ་དག་ཀྱང་ཞིབ་ཚགས་ཐོག་སླེབས་སྐབས་རྣམ་རྟོག་དང་ཧ་ཅང་འབྲེལ་བ་ཡོད། ཇི་ཙམ་གྱིས་རྣམ་རྟོག་འཁྲུག་ཡོད་ན། ཀླད་པར་སྐྱོན་བྱུང་བའི་ཐོག་ནས་ལུས་པོའི་འཕྲོད་བསྟེན་ལ་ཡང་གནོད་ཀྱི་ཡོད། སེམས་ཞི་བདེ་བག་ཕེབས་ཡོད་ན་ལུས་ཀྱི་འབྱུང་བ་སྙོམས་ནས་འཕྲོད་བསྟེན་ཡག་པོ་ཡོང་གི་ཡོད། ཉེ་ཆར་ང་ཚོ་ཨ་རིར་ཚོགས་འདུ་ཚོགས་པ་རེད། མི་ལོ་གང་ཙམ་སླེབས་ཏེ་སེམས་ལ་དངངས་སྐྲག་ཡོད་པའི་གྲས་དེ་རྒས་མགྱོགས་པ་ཡོད། སེམས་ལ་ཞི་བདེ་ཡོད་མཁན་དེ་དག་མི་ཚེ་རིང་བ་ཡོད་སྐོར་བརྗོད་ཀྱི་འདུག
དེར་བརྟེན་དེང་སྐབས་ཕྱི་དངོས་པོ་ཁོ་ན་མ་ཡིན་པར་ནང་གི་རྣམ་པར་ཤེས་པའི་ཐོག་ལ་དོ་སྣང་གསར་པ་ཞིག་སླེབས་ཀྱི་ཡོད། སེམས་ཀྱི་ཞི་བདེ་བརྗོད་སྐབས་སེམས་ཀྱི་ཡོན་ཏན་ཆགས་ཡོད། ཞེ་སྡང་དང་ཕྲག་དོག་གིས་སེམས་དཀྲུག་གི་ཡོད། བྱམས་དང་བརྩེ་བ་སོགས་ཡར་རྒྱས་གཏང་ནས་སེམས་ཀྱི་ཞི་བདེ་སྒྲུབ་དགོས། དེ་ལྟ་བུའི་སེམས་ཀྱི་ཞི་བདེ་སྒྲུབ་ཅེས་པ་དེ་སྐྱེ་བ་ཕྱི་མའི་སྐད་ཆ་ཤོད་ཀྱི་མེད། སེམས་ཀྱི་ཞི་བདེ་བརྒྱུད་ནས་དུས་རབས་ཉེར་གཅིག་པ་འདི་ཞི་བདེ་ལྡན་པ་ཞིག་བཟོ་རྒྱུ་ང་ཚོར་འགན་ཡོད། འགན་དེ་ཡང་ལོ་གཞོན་པ་ཚོའི་འགན་རེད་མ་གཏོགས་ང་ཚོའི་འགན་མིན། ངོས་ཀྱི་མི་རབས་འདི་དུས་རབས་ཉི་ཤུའི་ནང་གི་མི་རབས་རེད། ད་ཆ་ང་ཚོས་ག་ལེར་བཞུགས་ཨང་(Goodbye)བརྗོད་རྒྱུའི་མཚམས་སླེབས་ཡོད། གང་ལྟར་དུས་ཉེར་རབས་གཅིག་ནང་མི་ཚེ་མང་བ་སྐྱེལ་མཁན་གྱི་མི་སྣ་དེ་དག་ལ་འགན་སླེབས་ཀྱི་ཡོད། ང་རང་ཚོ་ཆོས་པ་སྤྱི་དང་ལྷག་པར་སངས་རྒྱས་པའི་ཆོས་པ་ཞིག་གི་ངོས་ནས་བཤད་ན། སེམས་ཀྱི་ཞི་བདེ་ཞེས་པ་དེ་བསྒྲུབ་རྒྱུར་ཕ་མེས་ནས་ཡོད་པའི་སངས་རྒྱས་ཀྱི་ཆོས་ཆོ་ག་འདོན་རྒྱུ་ཙམ་མིན་པར་གཙོ་བོ་སེམས་རྒྱུད་དུལ་བའི་ཐོག་ནས་སེམས་ལ་ཞི་བདེ་ཡོང་བ་ཞིག་བྱེད་དགོས། སངས་རྒྱས་པའི་ཆོས་ནང་ནས་སེམས་ལ་ཞི་བདེ་བསྒྲུབ་རྒྱུའི་འགྲེལ་བཤད་དང་ཐབས་ལམ་མང་དག་ཅིག་གསུངས་ཡོད་པ་དེ་དག་ང་ཚོས་ལག་ལེན་བསྐྱལ་དགོས། འཛམ་གླིང་འདིའི་ནང་སངས་རྒྱས་ཀྱི་ཆོས་སྤེལ་རྒྱུའི་དོན་དག་མིན། སོ་སོའི་ཕ་མེས་ཀྱི་ཆོས་ལུགས་ཉམས་སུ་བླང་ནས་བསྡད་ན་བརྟན་པ་དང་ཡག་གི་རེད།
ང་ཚོ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཞིག་གིས་སངས་རྒྱས་པའི་ཆོས་ནས་ནང་སེམས་དུལ་ཐབས་བྱེད་རྒྱུ་བཤད་པའི་སྐོར་དེ་དག་ཆོས་མེད་མཁན་གྱི་མི་ཚོར་ཡིན་རུང་སེམས་དུལ་ཐབས་སུ་ཐབས་ཤེས་དེ་ལྟར་བྱ་རྒྱུ་ཡོད་ཅེས་གྲོགས་པོ་གྲོགས་མོའི་འདུ་ཤེས་སྒོ་ནས་བརྗོད་དགོས། འོན་ཀྱང་དང་པོ་སངས་རྒྱས་པའི་ཆོས་བྱེད་མཁན་རང་ཉིད་སེམས་དུལ་བ་ཞིག་དགོས། སངས་རྒྱས་པའི་ཆོས་བྱེད་མཁན་ཡིན་ཞེས་བརྗོད་ནས་ཆགས་སྡང་གི་དབང་དུ་བཏང་ནས་བསྡད་ན། སངས་རྒྱས་པའི་ཆོས་པ་ཞིག་ཆགས་ཀྱི་མེད། གཞན་གྱི་སེམས་ལ་ཞི་བདེ་བསྐྲུན་པར་སྔོན་ལ་རང་ཉིད་ཀྱི་སེམས་ལ་ཞི་བདེ་དགོས། དེར་བརྟེན་སོ་སོའི་ཆོས་རྒྱུད་ནས་བཤད་ཡོད་པ་དེའི་ཐོག་ནས་སེམས་ལ་ཞི་བདེ་བསྐྲུན་རྒྱུ་དང་། ལྷག་པར་སངས་རྒྱས་པའི་ཆོས་པ་ཞིག་གི་ངོས་ནས་རང་ཉིད་ཀྱི་སེམས་དུལ་ཐབས་ལ་ཁ་ཡོད་ལག་ཡོད་ཀྱི་ལག་ལེན་བསྐྱལ་ཏེ་མི་གཞན་ལ་སྐུལ་ལྕགས་གཏོང་ཐུབ་ན་ཧ་ཅང་ཡག་པོ་རེད། གང་ལྟར་ཆོས་དད་ཡོད་མེད་ལ་མ་ལྟོས་པར་འཛམ་གླིང་འདིའི་ནང་མི་དུང་ཕྱུར་བདུན་ཅུ་ཙམ་ཞིག་ཡོད་པ་དེ་དག་གི་སེམས་ལ་བྱམས་བརྩེ་ཡོང་བ་བྱ་རྒྱུ་གལ་ཆེན་པོ་རེད། དུས་རབས་ཉེར་གཅིག་འདི་ཞི་བདེའི་དུས་རབས་ཤིག་ཡོང་རྒྱུར་སེམས་ཀྱི་ཞི་བདེ་སྐྲུན་ཐབས་ལ་དོ་སྣང་བྱེད་དགོས། དེ་ཡང་ཆོས་ཕྱོགས་ལ་མ་ལྟོས་པར་སྤྱིར་བཏང་ང་ཚོའི་ཤེས་ཡོན་ཐོག་ནས་ལུས་པོའི་འཕྲོད་བསྟེན་སྐོར་ལ་ང་ཚོར་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་ལྟར། སེམས་ཀྱི་འཕྲོད་བསྟེན་སྐོར་ལ་ཡང་སྤྲོད་དགོས་པ་ཞིག་རེད། དེང་སྐབས་དུས་རབས་ཉེར་གཅིག་གི་འགོ་མའི་སྐབས་ལ་ཡིན་སྟབས། དེ་ལྟ་བུ་ཞིག་ཡོང་རྒྱུར་ང་ཚོས་འབད་བརྩོན་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེའི་ཐ་སྙད་དབྱིན་སྐད་ནང་(secular ethics)དམིགས་བསལ་ཆོས་ཕྱོགས་དང་འབྲེལ་མེད་ཐོག་མིའི་རྣམ་དཔྱོད་བེད་སྤྱོད་བྱས་ཏེ་བདེ་སྐྱིད་གཙོ་བོ་དེ་ཡིད་བློའི་སྟེང་ནས་ཡོང་གི་ཡོད་པའི་ངོ་སྤྲོད་བྱེད་དགོས།
སྤྱིར་བཏང་ཆོས་ཞེས་པ་དེ་མིའི་རྣམ་དཔྱོད་དང་འབྲེལ་བ་ཡོད། དེར་བརྟེན་མི་ཁོ་ནའི་སྤྱི་ཚོགས་ནང་ཆོས་དད་ཡོད་པ་རེད་མ་གཏོགས་དུད་འགྲོའི་སྤྱི་ཚོགས་ནང་ཆོས་དད་མེད། འོན་ཀྱང་བྱམས་བརྩེ་ཡོང་གི་ཡོད། ཡི་ཤུའི་བླ་ཆེན་གྱིས་ཆོས་དད་དང་རྒྱུ་མཚན་མཉམ་དུ་འགྲོ་དགོས་ཞེས་གསུང་གི་ཡོད། མིའི་རྣམ་དཔྱོད་ལ་བརྟེན་ནས་འཕྲལ་ཕུགས་ཀྱི་ཁེ་གྱོང་བསམ་བློ་བཏང་ནས་སེམས་དཀྲུག་མཁན་དེས་སྡུག་བསྔལ་སྤྲོད་ཀྱི་ཡོད་སྟབས། དེར་སྐྱོན་བལྟ་དགོས་པ་དང་། སེམས་ལ་ཞི་བདེས་བདེ་སྐྱིད་སྤྲོད་ཀྱི་ཡོད་པས་དེར་ཡོན་ཏན་དུ་བལྟ་དགོས། དེ་རིམ་པ་དང་པོ་ཡིན།
རིམ་པ་གཉིས་པ་དེ། འཛམ་གླིང་འདིའི་སྟེང་ཕལ་ཆེར་ལོ་ངོ་སྟོང་ཕྲག་གསུམ་བཞི་གོང་གི་མིའི་སྤྱི་ཚོགས་ནང་ཆོས་དད་སླེབས་ཡོད། མིར་དཀའ་ངལ་འཕྲད་སྐབས་རེ་བ་བཅོལ་ས་ལྟ་བུའི་ཐོག་ནས་ཆོས་ལ་དད་པ་སླེབས་པ་ཞིག་རེད། རིམ་བཞིན་ཆོས་ལ་དད་པ་བྱ་རྒྱུ་དེ་ཡང་རྒྱུ་མཚན་བཀོད་པའི་སྒོ་ནས་དད་པ་བྱེད་སའི་ཡུལ་འདི་ནུས་པ་ལྡན་པ་དང་བརྩེ་བའི་བདག་ཉིད་ཡིན་པ་རིག་པས་བསྒྲུབ་ཡོང་གི་འདུག དེར་བརྟེན་འཛམ་གླིང་འདིའི་སྟེང་ཆོས་དད་ལོ་སྟོང་ཕྲག་གསུམ་བཞིའི་གོང་ནས་ཡོད་པའི་ནང་དམིགས་བསལ་ལྟ་གྲུབ་དང་རྒྱུ་མཚན་ཤོད་རྒྱུ་མེད་པའི་ཉི་ཟླ་སོགས་ལ་དད་པ་བྱ་རྒྱུ་ལྟ༌བུ་ཡོང་གི་ཡོད། དེ་ནས་ཆོས་དད་རིགས་གཅིག་ལ་ལྟ་གྲུབ་ཡོད། དེ་ཡང་ཕལ་ཆེར་རྒྱ་གར་སྔ་ཤོས་རེད། གཞུང་ནས་གྲངས་ཅན་པའི་ལྟ་གྲུབ་དེ་སྔ་ཤོས་རྩིས་ཀྱི་ཡོད། དེ་བཞིན་གྲངས་ཅན་ལྷག་བཅས་པ་ནས་བཟུང་མུ་སྟེགས་པའི་གཞུང་མང་པོ་ཞིག་གིས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་ཡོད། ཡང་སྐྱེ་བ་སྔ་ཕྱི་འདོད་པ་མ་ཟད། དེ་ཡང་ལས་བཟང་ངན་སྒོ་ནས་ཡོང་གི་ཡོད་སྐོར་གྱི་ལས་འབྲས་རྣམ་གཞག་བཤད་ནས་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་རིགས་གཅིག་ཡོད། དེ་ནས་ཇིའུ་དང་ཡི་ཤུ། ཁ་ཆེ་རྣམས་གཙོ་བོར་གྱུར་བའི་ཆོས་ལུགས་མང་དག་ཅིག་གིས་འཇིག་རྟེན་བཀོད་པ་པོས་ཚེ་འདི་རང་ལ་བཀོད་པ་རེད། ཅེས་པའི་འདོད་ཚུལ་ཡོང་གི་འདུག དེ་ནས་གྲངས་ཅན་ལྷག་མེད་པ་དང་གཅེར་བུ་བའི་ཆོས། སངས་རྒྱས་པའི་ཆོས་བཅས་དེ་གསུམ་པོས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་མེད། འོན་ཀྱང་རྟེན་འབྱུང་གསུང་མཁན་ནང་པ་ཁོ་ན་རེད། དེར་བརྟེན་ང་ཚོ་ཆོས་ལུགས་ཀྱི་རྗེས་འབྲང་དེ་དག་གིས་ཆོས་ལུགས་སྟོན་པ་པོ་དེ་དང་དེའི་དགོངས་པ་དང་དམིགས་ཡུལ་གང་འདྲ་བྱས་ནས་གསུངས་པ་ལྟར། ང་ཚོས་སེམས་དུལ་ཐབས་བྱས་ཏེ་ཆགས་སྡང་དང་ཕྱོགས་རིས་འཐེན་འཁྱེར་དབང་དུ་མ་སོང་བ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཆོས་ཁས་ལེན་མཁན་གྱི་ཆོས་པ་ཡོངས་རྫོགས་མཐུན་སྒྲིལ་དགོས་རྒྱུ་གལ་ཆེན་པོ་ཡིན་མ་ཟད། ང་ཚོ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་ཀྱང་དགོས་རྒྱུ་གལ་ཆེན་པོ་རེད། བྱེ་བྲག་ཆོས་ཁས་བླངས་ནས་ཕྱི་དངོས་པོའི་མཐུན་རྐྱེན་ཙམ་ཕྱོགས་སུ་བལྟ་རྒྱུ་མིན་པར་སེམས་ལ་ཞི་བདེ་བསྒྲུབ་རྒྱུའི་ཐད་བསམ་བློ་གཏོང་རྒྱུ་ཚང་མར་གཅིག་གྱུར་ཡོད་སྟབས། མཐུན་སྒྲིལ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཏེ་ཆོས་འབྲེལ་དབུ་འཛུགས་བསྐྱངས་ཡོད། ད་ཐེངས་ཕྱི་རྒྱལ་ཡུལ་གྲུ་ཁག་ ༦༢ ནས་དད་ལྡན་ཆོས་ཞུ་བ་བཅར་ཡོད་འདུག་པ་བཅས། །