༢༠༡༢ ཟླ་ ༡༠ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་དད་ལྡན་པ་ཁག་གཅིག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡ ནས་ ༤ བར་མགོན་པོ་གང་ཉིད་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་གཙོ་བོར་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་བྱང་ཆུབ་ལམ་སྒྲོན་གྱི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཐེ་ཝན་དད་ལྡན་པ་རྣམ་པའི་འཐུས་མི་བཞིས་སྤོས་སྣེས་སྔོན་བསུས་ཏེ་༸གོང་ས་མཆོག་ཕོ་བྲང་ནས་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་བོད་སྐད་དང་རྒྱ་སྐད་ཐོག་ནས་རིམ་བཞིན་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་ནས་མགོན་པོ་གང་ཉིད་མཆོག་གིས་དེར་འདུས་ཐེ་ཝན་དད་ལྡན་ཆོས་ཞུ་བ་མི་གྲངས་ ༨༠༠ དང་རྒྱ་ནག་སྐམ་ས། དེ་མིན་ཡུལ་གྲུ་གཞན་ནས་རྒྱ་མི་རིགས་ ༡༠༠༠ ཙམ་དང་། ཨ་རི་ནས་ ༡༥༠ ཇར་མན་ནས་ ༡༠༥ ཨི་ཛེ་རལ་ནས་ ༡༨༠ སོགས་ཡུལ་གྲུ་འདྲ་མིན་ ༦༠ ཙམ་དང་། དེ་བཞིན་རང་རིགས་སེར་སྐྱ་མི་མང་ཁྱོན་བསྡོམ་མི་གྲངས་ ༦༠༠༠ བརྒལ་བར་བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་བཀྲིན་ཆེ་བ་སྩལ་ཡོད། དེ་ཡང་ཐོག་མར་ནང་ཆོས་ངོ་སྤྲོད་སྐབས་བཀའ་སློབ་ཕེབས་དོན།
དེ་རིང་འདི་གར་ཐེ་ཝན་ནས་ཡོང་མཁན་ཆོས་གྲོགས་ཚང་མར་འཚམས་འདྲི་དང་དགའ་བསུ་ཞུ་གི་ཡོད། ལོ་ཙཱ་བ་འཇམ་དབྱངས་རིན་ཆེན་ཆུང་དུས་ནས་འདི་གར་ཆོས་གྲོགས་དང་དགེ་ཕྲུག་བརྗོད་ནའང་འགྲིག་གི་རེད། དེ་རིང་ཡང་བསྐྱར་སྐད་བསྒྱུར་བྱེད་དུ་ཡོང་ཐུབ་པར་བཀྲིས་བདེ་ལེགས་ཡོད། ཐེ་ཝན་ནས་ཡོང་བའི་དོན་གཉེར་ཅན་ཁྱེད་རང་ཚོར་བྱང་ཆུབ་ལམ་སྒྲོན་ཆོས་འབྲེལ་བྱེད་རྒྱུ་དང་། དབང་དང་རྗེས་གནང་གང་རུང་ཞིག་བྱུང་ན་ཞེས་སྐད་ཆ་བྱུང་། ནམ་རྒྱུན་ངོས་ཀྱིས་ཆོས་འབྲེལ་སྐབས་སྔོན་ལ་སྤྱི་བཤད་ཐོག་ནས་ནང་ཆོས་ངོ་སྤྲོད་བྱེད་ཀྱི་ཡོད། ངོས་ཀྱིས་ནམ་རྒྱུན་མི་སུ་དང་ཐུག་པ་ཡིན་ནའང་། རིམ་པ་དང་པོ་ང་ཚོ་མི་གཅིག་མཚུངས་ཡིན་བསམ་པ་དང་། གང་ལྟར་འཛམ་བུ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་ཚང་མ་མི་གཅིག་པ་ཆགས་ཡོད། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་དང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལྡན་ཡོད་པའི་ཆ་ནས་མི་དུང་ཕྱུར་བདུན་ཅུ་དེ་དག་གཅིག་མཚུངས་ཆགས་ཡོད། ང་ཚོ་ཚང་མ་སྐྱེས་འཆི་གཅིག་མཚུངས་རེད་དཔོན་པོ་དང་བླ་མ་སྐྱེས་སྐབས་མི་འདྲ་བ་མེད། འོན་ཀྱང་འཆི་སྐབས་མི་འདྲ་བ་རེ་ཟུང་ཡོད་པ་མ་གཏོགས་དེ་མིན་ཕལ་ཆེར་གཅིག་མཚུངས་རེད། གང་ལྟར་མི་དུང་ཕྱུར་བདུན་ཅུ་ཚང་མ་གཅིག་པ་ཆགས་ཡོད། ཉོན་མོངས་ཆགས་སྡང་དང་བྱམས་བརྩེ་ང་ཚོ་མི་ཚང་མར་ཡོད། མདོར་ན།
ང་ཚོ་མི་ཙམ་དུ་མ་ཟད་དུད་འགྲོ་ཚུན་ཆད་ཀྱང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་རེད། མི་དང་དུད་འགྲོ་དབར་ཁྱད་པར་གང་ཡོད་ཅེ་ན། མིར་རྣམ་དཔྱོད་གཞན་དང་མི་འདྲ་བའི་བསམ་བློ་གཏོང་རྒྱུ་ཡོད། དེས་རྐྱེན་པས་རེ་དོགས་མང་པོ་ཞིག་དང་། དེས་རྐྱེན་པས་ཡིད་བློའི་སྟེང་གི་སྐྱིད་མ་སྐྱིད་ཧ་ཅང་ཡོང་གི་ཡོད། དཔེར་ན། ལུས་བདེ་ཐང་དགོས་ཀྱི་ཡོད། གཟུགས་ཡིད་དུ་འོང་བ་དང་སྒྲ་སྙན་པ་དེ་དག་ཆགས་པར་འདོད་པའི་ཡོན་ཏན་བརྗོད་ཀྱི་ཡོད། ང་ཚོ་མི་ཡིན་པར་བརྟེན་རྣམ་དཔྱོད་ཐོག་ནས་རེ་དོགས་ཡོད་སྐབས། སྒོ་ངའི་ཤེས་པ་བརྒྱུད་ནས་སྡུག་བསྔལ་ཉུང་ངུ་ཞིག་དང་བདེ་བ་མང་ཙམ་ཡོད་པ་དེ་གཅིག་པུས་ཆོག་གི་མེད། ཡིད་བློར་འབྲེལ་བའི་བདེ་སྡུག་ཤུགས་ཆེན་པོ་ཞིག་ཡོད་སྐབས་དེས་ལུས་པོའི་སྒོ་ངའི་ཤེས་པའི་ཐོག་ནས་བདེ་ཞིང་སྐྱིད་པ་ཞིག་ཡོད་ཀྱང་། སེམས་ཀྱི་རེ་དོགས་ཀྱིས་རྐྱེན་པས་མ་སྐྱིད་པ་སེལ་ཐུབ་ཀྱི་མི་འདུག སེམས་ཀྱི་ནང་ནས་ཡིད་ཚིམ་པ་ཞིག་གི་ངས་ལས་ཀ་དེ་འདྲ་བྱས་པ་དེ་འདོད་དོན་རླབས་ཆེན་པོ་ཞིག་སྒྲུབ་ཀྱི་ཡོད་སྙམ་པ་ཡིད་བློའི་སྟེང་ནས་ཤུགས་ཤིག་ཡོད་ན། ལུས་པོར་དཀའ་ངལ་འཕྲད་ཀྱང་དེ་དང་ལེན་བྱེད་རྒྱུ་ཡོང་གི་ཡོད།
དེར་བརྟེན་ཡིད་བློའི་བདེ་སྡུག་དེ་ནུས་པ་དང་སྟོབས་ཤུགས་ཆེ་བ་འདུག ལུས་པོའི་བདེ་སྡུག་དེ་གལ་ཆུང་བ་རེད། ཚིག་གཞན་ཞིག་བཤད་ན་སྒོ་ངའི་ཤེས་པར་བརྟེན་མཁན་གྱི་སྡུག་བསྔལ་དེ་སེམས་པའི་ཡིད་ཀྱི་བདེ་བས་ཟིལ་གྱི་གནོན་ཐུབ་རྒྱུ་དང་། ཡིད་ཀྱི་མ་སྐྱིད་སྡུག་བསྔལ་དེ་སྒོ་ངའི་ཤེས་པའི་སྟེང་ནས་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་ཡོད་ཀྱང་། སེམས་ཀྱི་སྡུག་བསྔལ་ཟིལ་གྱི་གནོན་མི་ཐུབ་པ་ཧ་ཅང་གསལ་པོ་འདུག ཅེས་སོགས་ཀྱི་བཀའ་སློབ་ཕེབས་ཏེ་ཆོས་འབྲེལ་དབུ་འཛུགས་མཛད་ཡོད། དེ་བཞིན་ཉིན་མཐའ་མར་མགོན་པོ་གང་ཉིད་མཆོག་གིས་དད་ལྡན་ཆོས་ཞུ་བ་རྣམས་ལ་དབང་དང་རྗེས་གནང་གང་རུང་ཞིག་སྩལ་རྒྱུ་ཡིན་འདུག་པ་བཅས། །