༢༠༡༢ ཟླ་ ༡༠ ཚེས་ ༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༥ ནས་ ༧ བར་ལ་དྭགས་རྒྱལ་ས་སླེ་རུ། བོད་དང་ཧི་མཱ་ལའི་འབྲེལ་བ། ཞེས་པའི་བརྗོད་གཞིའི་ཐོག་ཉིན་གསུམ་གྱི་ལྷན་ཚོགས་ཤིག་ཚོགས་ཡོད། ལྷན་ཚོགས་སྐབས་བོད་རིག་པའི་མཁས་དབང་སྐུ་ཞབས་ཀོ་ལོཌ་ཨར་པི་(Claude Arpi) ལགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། རྒྱ་གར་གྱི་གཞུང་ཚབ་ཟུར་པ་སྐུ་ཞབས་རན་ཇི་ཏི་གུཔྟ་ (Ranjit Gupta) ལགས། གཙུག་ལག་སློབ་དཔོན་བོད་རིགས་ཁ་ཆེ་བ་སྐུ་ཞབས་ཝ་ཧི་དི་ (Prof.Siddiq Wahid) ལགས། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་སྐུ་ཞབས་བསྟན་འཛིན་ནོར་བུ་ལགས། ཁ་ཆེ་ཚན་རིག་དང་འཕྲུལ་ལས་མཐོ་སློབ་ (Islamic University of Science and Technology in Jammu) ཀྱི་སློབ་དཔོན་སྐུ་ཞབས་བསོད་ནམས་འབྱོར་ལྡན་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་བློ་བཟང་ལགས་བཅས་ཁྱོན་མཁས་དབང་མི་གྲངས་ ༡༡ མཉམ་ཞུགས་གནང་ཡོད། ལྷན་ཚོགས་གོ་སྒྲི་གནང་མཁན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་བསྟི་གནས་ཁང། ཕོན་ཌེ་ཤན་ཕོར་ནན་ཝོའི་ལན་ཌི་ཨལ་ཊར་ནེ་ཊིབ་ (Foundation for Non-violent Alternatives) ཞེས་པ་དེ་ཡིན་འདུག ཉིན་གསུམ་གྱི་ལྷན་ཚོགས་སྐབས།
དེ་སྔ་རྒྱ་ནག་དམར་པོས་བོད་བཙན་བཟུང་མ་བྱས་སྔོན་ཧི་མཱ་ལའི་རི་རྒྱུད་ནས་བོད་བརྒྱུད་ནང་བསྟན་དོན་དུ་གཉེར་མཁན་མང་པོ་ཞིག་བོད་ལ་ཕེབས་ཏེ་བོད་ཀྱི་གདན་ས་གསུམ་གྱིས་གཙོས་དགོན་སྡེ་གྲྭ་ཚང་མང་པོའི་ནང་བོད་མི་བྱིངས་དང་སྐྱིད་སྡུག་མཉམ་མྱོང་ཐོག་ནས་སློབ་གཉེར་གནང་སྲོལ་ཡོད་པ་དང། ཕྱི་སུ་རྒྱ་ནག་དམར་པོས་བོད་ནང་བཙན་འཛུལ་བྱས་རྗེས་རིམ་བཞིན་བོད་ནང་དུ་དེ་ལྟ་བུའི་སློབ་གཉེར་བྱེད་མཁན་ཉུང་དུ་ཕྱིན་ནས་དེང་སྐབས་རྒྱ་གར་དུ་བོད་མི་བཙན་བྱོལ་བ་རྣམས་གནས་སྡོད་བྱེད་སའི་གདན་ས་ཆེན་པོ་གསུམ་གྱིས་གཙོས་བོད་བརྒྱུད་ནང་བསྟན་གྱི་ཤེས་ཡོན་བསྟི་གནས་ཁང་སོགས་ལ་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ཡུལ་མི་རྣམས་སྔར་བཞིན་སློབ་གཉེར་གནང་ཆེད་ཕེབས་དང་ཕེབས་མུས་ཡིན་པའི་གནས་སྟངས་སོགས་ཀྱི་ཐོག་བགྲོ་གླེང་གནང་ཡོད། ཕྱོགས་མཚུངས་ཇ་ཝ་ཧར་ལལ་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོའི་གཙུག་ལག་ JNU སློབ་དཔོན་ལྕམ་སྐུ་སན་གི་ཏ་ཐབ་ལི་ཡལ་ Sangeeta Thapliyal མཆོག་གིས་བོད་དང་རྒྱ་གར། བལ་ཡུལ་གསུམ་གྱི་འབྲེལ་བའི་སྐོར་གསུང་བཤད་གནང་ཡོད། དེ་བཞིན་ཨ་རུ་ན་ཅལ་པར་ཌེ་ཤི་མངའ་སྡེ་ནས་སྐུ་ཞབས་ན་ནི་བྷཌ་ Dr. Nani Bathལགས་ཀྱིས་བོད་དང་ཨ་རུ་ན་ཅལ་གཉིས་གནའ་སྔ་མོའི་འབྲེལ་ལམ་ཇི་འདྲ་ཡོད་སྐོར་ངོ་སྤྲོད་གནང་ཡོད། དེ་བཞིན་ཀི་ནོར་ནས་གཙུག་ལག་སློབ་དཔོན་སྐུ་ཞབས་ཅེ་ཏན་སིངྒ་ (Professor Chetan Singh) ལགས་ཀྱིས་བོད་དང་ཀི་ནོར་གཉིས་དབར་འབྲེལ་ལམ་ཇི་འདྲ་ཡིན་སྐོར་གསལ་བཤད་གནང་ཡོད། ཕྱོགས་མཚུངས་བོད་རིག་པའི་མཁས་དབང་སྐུ་ཞབས་ཀ་ལོ་ཌི་ཨར་པི་(Claude Arpi) ལགས་ཀྱིས་ས་མཚམས་གྱི་གོ་དོན་འགྱུར་བཞིན་ཡོད་སྐོར་གསུངས། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ (Tibet Policy Institute) གི་འགན་འཛིན་སྐུ་ཞབས་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བོད་ཀྱི་ས་ཆའི་ཆགས་བབ་ཀྱི་གནད་འགག་དང་བོད་ཀྱི་གནད་དོན་དེ་བཞིན་བོད་མི་ཙམ་གྱི་གནད་དོན་ཞིག་མིན་པར་གླིང་ཆེན་ཨེ་ཤི་ཡ་ཡོངས་རྫོགས་དང་འབྲེལ་བ་ཆགས་ཡོད་སྐོར་ཞིབ་ཕྲ་གསལ་བཤད་གནང། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་སྐུ་ཞབས་བསྟན་འཛིན་ནོར་བུ་ལགས་ཀྱིས་རྒྱལ་སྤྱིའི་ཐོག་བོད་ཀྱི་ཁོར་ཡུག་གལ་གནད་ཆེ་ཆུང་དང། ལྷ་པར་མཐོ་སྒང་བོད་ཀྱི་རྒྱུག་ཆུ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མི་གྲངས་ས་ཡ་མང་པོའི་འཚོ་གནས་དང་ཐད་ཀར་ཕན་འབྲས་ཇི་ཆགས་སྐོར་གསུངས་ཡོད་པ་བཅས།།