༢༠༡༢ ཟླ་ ༡༠ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །བོད་རྒྱལ་ལོ་ ༢༡༣༩ ཐ་སྐར་ཟླ་བའི་ཚེས་ ༦ སྟེ། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༠ ཉིན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག་གི་གཙོ་སྐྱོང་འོག ལྕོག་ལམ་སར་བསོད་ནམས་གླིང་གཞིས་ཆགས་ཀྱི་མཉམ་འབྲེལ་ཚོགས་ཁང་དུ་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༢༥ ཐོག ལ་དྭགས་སླེ་བྱང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོས་དབུས་པའི་འཐུས་མི་རྣམ་པ། ས་གནས་འགོ་འཛིན་དང་ལས་དྲུང་། མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོས་དབུས་པའི་ཚོགས་མི་རྣམ་པ། རང་བདེན་ཚོགས་ཆུང་གི་ཚོགས་གཙོས་དབུས་པའི་ཚོགས་མི་རྣམ་པ། གཞིས་གྲོང་ཁག་གི་བརྒྱ་དཔོན། བྱང་ཐང་ས་ཁག་གི་འགོ་འཛིན། དགོན་སྡེ་ཁག་གི་སྐུ་ཚབ། བོད་ཕྲུག་ཁྱིམ་སྡེ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྐྱིད་སྡུག་ཁག་གི་སྐུ་ཚབ་བཅས་སྐུ་མགྲོན་ ༦༠ ལྷག་མཉམ་འབྲེལ་ཚོགས་ཁང་དུ་ལྷན་འཛོམས་བྱུང་བའི་དབུས་སུ། དཔལ་ལྡན་ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག་གིས་སྣང་གསལ་ཞལ་དབྱེ་དང་བསྟུན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་དོད་དང་མཇལ་དར་སྒྲོན་འབུལ་ཞུས།
དེ་ནས་ས་གནས་ཁྲིམས་ཞིབ་པ་དང་། ས་འཐུས་ཚོགས་གཙོ། ས་གནས་འགོ་འཛིན་བཅས་ནས་རིམ་བཞིན་མཎྜལ་རྟེན་དོད་དང་མཇལ་དར་ཕུལ་གྲུབ་མཚམས། དགོན་པའི་དགེ་འདུན་བཞི་གྲས་ཤིས་བརྗོད་གསུངས་པ་དང་། བོད་ཁྱིམ་གྱི་སློབ་ཕྲུག་ཚོས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་གྲུབ་རྗེས། བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་རྣམ་པར་མྱ་ངན་གུས་འདུད་ཞུ་ཆེད་ངག་བཅད་སྐར་མ་གཅིག་རིང་གནང་། དེ་ནས་རྟེན་འབྱུང་གསོལ་ཇ་འབྲས་སིལ་ཕུལ་གྲུབ་མཚམས། ལ་དྭགས་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱིས་ས་གནས་ཁྲིམས་ཀྱི་གྲ་སྒྲིག་ལས་དོན་སྙིང་བསྡུས་སྙན་སྒྲོན་ཞུས་པ་དང་། དཔལ་ལྡན་ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག་གིས་ས་གནས་ཁྲིམས་ཞིབ་ཁང་དབུ་འབྱེད་ཀྱི་རྒྱབ་ལྗོངས་དགོས་པ་རྒྱུ་མཚན་དང་། མང་ཚོགས་ནས་ཁྲིམས་ཀྱི་ཁེ་ཕན་དང་ཐོབ་ཐང་ལོངས་སུ་སྤྱོད་ཐབས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་དེའི་འཕྲོར་ལ་དྭགས་ས་གནས་འགོ་འཛིན་དོན་གྲུབ་བཀྲ་ཤིས་ལགས་དང་ས་འཐུས་ཚོགས་གཙོ་དོན་གྲུབ་ཚེ་རིང་ལགས་ཀྱིས་ས་གནས་སུ་མང་གཙོའི་ཀ་བ་གསུམ་གྱི་སྒྲིག་འཛུགས་ཁ་ཚང་པོ་བྱུང་སྟེ་རྟེན་འབྲེལ་ལེགས་འགྲིག་བྱུང་བ་དང་། ཁྲིམས་ཞིབ་ཁང་ནས་མང་ཚོགས་ལ་ཁྲིམས་ལུགས་གོ་རྟོགས་གང་མང་སྤེལ་གནང་ཡོང་བའི་འབོད་སྐུལ་སོགས་ཀྱི་གསུང་བཤད་གནང་བ་དང་། ལ་དྭགས་ས་གནས་ཁྲིམས་དྲུང་རྡོ་རྗེ་ཆོས་གྲགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད། སྐུ་མགྲོན་རྣམ་པར་ཉིན་གུང་གསོལ་ཚིགས་སྟབས་བདེ་ཞིག་ཀྱང་ཕུལ་ཡོད། ལ་དྭགས་ས་གནས་ཁྲིམས་ཞིབ་ཁང་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཤམ་འོག་ས་གནས་ཁྲིམས་ཞིབ་ཁང་གསུམ་པ་དེ་ཡིན་ཞིང་། གནས་སྐབས་རིང་ས་གནས་ཁྲིམས་ཞིབ་ཁང་གི་ཡིག་ཚང་དང་། གཏུག་བཤེར་ཁང་། ལས་བྱེད་པའི་ལས་ཤག་སོགས་ས་གནས་མཉམ་འབྲེལ་ནས་ཁང་གླའི་ཐོག་མཐུན་འགྱུར་གནང་ཡོད་ལ།
ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་མཁྱེན་རབ་ལགས་དང་། ས་གནས་ཁྲིམས་དྲུང་རྡོ་རྗེ་ཆོས་གྲགས་གཉིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་རྒྱ་ཁྱབ་གསལ་བསྒྲགས་ཀྱི་འཚང་རྒྱུགས་བརྒྱུད་ཐད་བསྐོས་གནང་བ་ཞིག་ཡིན། ལ་དྭགས་ས་གནས་ཁྲིམས་ཞིབ་ཁང་གི་ས་ཁོངས་ཁྱབ་ཚད་དུ་ལ་དྭགས་ས་གནས་འགོ་འཛིན་ཁྱབ་ཁོངས་སླེ་བྱང་གཉིས་དང་། དེ་བཞིན་འཇའ་མུ་ཀ་ཤི་མིར་མངའ་ཁུལ་གྱི་ཁ་འཐོར་བོད་མི་རྣམས་ཚུད། ད་ལམ་ས་གནས་ཁྲིམས་ཞིབ་ཁང་ཟུར་འཛུགས་གནང་བར་བརྟེན། དེ་སྔ་ས་གནས་འགོ་འཛིན་ལ་ཁྲིམས་ལས་འགན་དབང་བསྐུར་བའི་ལ་དྭགས་གཅིག་ལྕོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ཕྱིར་བསྡུ་གནང་ཡོད་པ་རེད།
ཐེངས་འདིའི་དབུ་འབྱེད་མཛད་སྒོ་དང་སྟབས་བསྟུན། ས་གནས་ནས་རེ་སྐུལ་ཞུས་དོན་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག་གིས་ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢ སྟེང་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་དགེ་ལས་སློབ་ཕྲུག་དང་། ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ སྟེང་ལྕོག་ལམ་སར་བསོད་ནམས་གླིང་གཞིས་ཆགས་ཀྱི་སེར་སྐྱ་མང་ཚོགས་ལ་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་བྱེད་ཕྱོགས་སྐོར་སོགས་ངོ་སྤྲོད་གསུང་བཤད་གནང་ཡོད་པ་དང་། དཔལ་ལྡན་ཁྲིམས་ཞིབ་པ་མཆོག་ཕྱི་ཚེས་ ༢༢ ཉིན་མཁའ་ལམ་བརྒྱུད་བཞུགས་སྒར་དུ་ཕེབས་འབྱོར་བྱུང་ཡོད་པ་བཅས་ཀྱི་གསར་འགྱུར་སྙིང་བསྡུས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ཚེས་ལ།།