༢༠༡༢ ཟླ་ ༡༠ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༣ རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ངོ་ལོ་ ༥༢ འཁོར་བའི་དུས་དྲན་མཛད་སྒོ་བོད་ཁྱིམ་གྱི་ཐང་ཆེན་དུ་ཚོགས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་སྐུ་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་རིང་འདི་གར་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༥༢ འཁོར་བའི་དུས་དྲན་མཛད་སྒོར་ཕེབས་པའི་སྐུ་མགྲོན་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ཕྱི་རྒྱལ་ནས་ཕེབས་པའི་སྐུ་མགྲོན་རྣམ་པ། བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་རྣམ་པ། དགེ་ལས་རྣམ་པ། དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་འགན་འཛིན་རྣམ་པ། སེར་སྐྱ་མི་མང་རྣམ་པར་ངས་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༥༢ འཁོར་བའི་རྗེས་དྲན་ཞུ་བཞིན་ཡོད།
ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་ནས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་ཁག་གཅིག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། ༸གོང་ས་མཆོག་སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་མཆོག་གིས་དགོངས་པ་ཆེར་བཞེས་ཐོག་དཀའ་ངལ་མང་དག་ཅིག་འོག་བོད་ཕྲུག་ཁྱིམ་སྡེ་དབུ་འཛུགས་གནང་ཡོད། དེ་ནས་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་ཐུགས་འགན་བཞེས་ཏེ་གང་ཅིའི་ཐོག་མུ་མཐུད་ཡར་རྒྱས་ཕྱིན་པར་བརྟེན་ནས་ད་ལྟའི་ཆར་ཧ་ལས་པའི་ཡར་རྒྱས་ཤུགས་ཆེན་ཕྱིན་ཡོད། ལོ་ངོ་ལྔ་བཅུ་ང་གཉིས་ཕྱིན་པའི་བྱུང་རིམ་དེའི་ནང་ང་ཚོ་བོད་པའི་སློབ་ཕྲུག་འཛིན་གྲྭ་བཅུ་པ་དང་བཅུ་གཅིག་སོགས་ཐོན་དང་འཐོན་མུས་རེད། དེར་བརྟེན་ཤེས་ཡོན་ཐོག་ནས་ཆེ་འབྲིང་ཆུང་གསུམ་གྱིས་འགན་ཁུར་བླངས་ཏེ་བོད་མི་རིགས་དང་བོད་བསྟན་སྲིད་ལ་ཞབས་ཞུ་བསྒྲུབས་པའི་གྲུབ་འབྲས་ཕྲན་བུ་ཐོན་པར་ངོས་འཛིན་ཞུས་པ་དང་ཆབས་ཅིག་བསྔགས་བརྗོད་ཞུ་རྒྱུ་ཡིན།
ཕྱོགས་མཚུངས་ཞུ་རྒྱུར། དེང་སྐབས་ང་ཚོས་ཤེས་ཡོན་ཐོག་རིགས་གཅིག་རྐང་འཛིན་གྱི་དམིགས་ཡུལ་བཟུང་སྟེ་སློབ་སྦྱོང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་བཏང་བཀའ་ཤག་སྐབས་བཅུ་བཞི་པས་བོད་པའི་སློབ་ཕྲུག་གི་ཤེས་ཡོན་དེ་གལ་ཆེན་ནང་ནས་དོན་ཆེན་དུ་རྩི་བཞིན་ཡོད་པ་ལྟར། སྲིད་སྐྱོང་མཆོག་གིས་བཀའ་ཤག་དང་ཤེས་རིག་གི་བཀའ་བློན་གཅིག་ལྕོགས་ཀྱི་ཐུགས་འགན་བཞེས་ཏེ། བོད་པའི་སློབ་ཕྲུག་ཚོའི་ཤེས་ཡོན་ཡར༌རྒྱས་གཏོང་ཆེད་འཆར་གཞི་མང་དག་ཅིག་བཏིང་དང་འདིང་མུས་རེད། དེ་བཞིན་དམིགས་ཡུལ་ཡང་བོད་པའི་སློབ་ཕྲུག་ཚོ་སློབ་སྦྱོང་ཚད་ལྡན་ཞིག་འཐོན་རྒྱུའི་དགོངས་པ་བཞེས་བཞིན་ཡོད། ང་ཚོས་འཛམ་གླིང་རྒྱལ་སྤྱིའི་ཐོག་ང་ཚོ་བོད་པར་བདེན་པ་ཡོད། ཅེས་བརྗོད་ནས་བསྐྱོད་དགོས་སྟབས། ང་ཚོས་དེ་མཚུངས་ཤེས་ཡོན་ཚད་ལྡན་ཞིག་སྦྱང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ཚང་མས་ཤེས་ཡོན་སློབ་སྦྱོང་བྱ་རྒྱུའི་ཐད་ཤུགས་སྣོན་ཆེ་ཙམ་རྒྱག་དགོས། བོད་མིའི་སྒྲིག་འཛུགས་དང་བོད་ཕྲུག་ཁྱིམ་སྡེ་གཉིས་ནས་སློབ་ཕྲུག་ཚོས་ཤེས་ཡོན་ཚད་ལྡན་ཞིག་སྦྱང་རྒྱུའི་ཐུགས་རེ་གནང་བཞིན་ཡོད། སློབ་སྦྱོང་ཡག་པོ་ཆགས་དང་མ་ཆགས་གཙོ་བོ་སློབ་ཕྲུག་རང་ཉིད་ལ་རག་ལུས་ཡོད། དེར་བརྟེན་སློབ་ཕྲུག་རང་ངོས་ནས་སློབ་སྦྱོང་ཐོག་ཤུགས་སྣོན་མ་བརྒྱབ་ན། ང་ཚོའི་ངོས་ནས་ཁོར་ཡུག་བསྐྲུན་རྒྱུ་ཙམ་མ་གཏོགས་བྱ་རྒྱུ་གང་ཡང་མེད། བོད་ཀྱི་བདེན་མཐའ་སེལ་ཆེད་ཤེས་ཡོན་དང་སློབ་སྦྱོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། ཤེས་ཡོན་ལ་སྦྱང་བརྩོན་བྱ་རྒྱུ་གལ་ཆེན་པོ་ཡིན། རང་ཉིད་ལ་ཤེེས་ཡོན་གྱི་ཤེས་ཚད་ཧ་ཅང་ཡག་པོ་ཡོད་ཀྱང་བོད་བསྟན་སྲིད་ལ་དགོངས་པ་མ་བཞེས་ན། བསྔགས་བརྗོད་བྱ་རྒྱུ་གང་ཡང་མེད། སོ་སོ་རང་ཉིད་ལ་ཚད་ལྡན་གྱི་སློབ་སྦྱོང་ཐོབ་རྗེས་རང་ཉིད་ཀྱི་ཁེ་ཕན་ཡོངས་རྫོགས་བློས་གཏོང་གིས་བོད་བསྟན་སྲིད་ཆེད་རྡ་སར་ཕེབས་ཏེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཞབས་ཞུ་སྒྲུབ་མཁན་དེ་དག་ལ་བསྔགས་བརྗོད་ཞུ་བཞིན་ཡོད།
དེ་བཞིན་བོད་ནང་གི་བོད་མི་ལྔ༌བཅུ་ང་བདུན་གྱིས་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་བཏང་ཡོད། ཁོང་རྣམ་པར་ང་ཚོས་ག་དུས་ཡིན་རུང་གདུང་སེམས་མཉམ་སྐྱེ་ཞུ་དགོས་པ་ཞིག་ཆགས་ཡོད། ཁོང་རྣམ་པས་རང་ལུས་མེར་སྲེག་གཏོང་སྐབས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་ཞེས་འབོད་སྒྲ་བསྒྲགས་དང་སྒྲོག་མུས་ཡིན་པར་བརྟེན། ང་ཚོ་རང་དབང་ལུང་པར་ཡོད་པ་ཚོས་ཁོང་རྣམ་པའི་དཀའ་སྡུག་དང་འབོད་སྒྲ་དེ་དག་དུས་ནམ་ཡང་བརྗེད་རྒྱུ་མེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །