༢༠༡༢ ཟླ་ ༡༠ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༣ ཉིན་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༥༢ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་བོད་ཁྱིམ་གྱི་ཐང་ཆེན་དུ་ཚོགས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ཡབ་གཞིས་སྐུ་འཁོར་རྣམ་པ། རང་བདེན་ཚོགས་ཆུང་དང་ས་གནས་འཐུས་ཚབ་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། སྦྱིན་བདག་དང་སྐུ་མགྲོན་རྣམ་པ། བོད་ཁྱིམ་སློབ་གྲྭ་གཞན་ཁག་ནས་ཕེབས་པའི་དགེ་ལས་སློབ་ཕྲུག་རྣམ་པ། མི་མང་བཅས་མི་གྲངས་སྟོང་ཕྲག་མང་པོ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་བོད་ཁྱིམ་དབུ་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་གཙོས་འགན་འཛིན་རྣམ་པ་དང་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་བཅས་ནས་གུས་བསུའི་སྣེ་ལེན་ཞུས་གྲུབ་མཚམས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་དང་མི་རིགས་དོན་དུ་སྐུ་སྲོག་བློས་གཏོང་གནང་བའི་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མྱ་ངན་གུས་འདུད་དང་ངག་བཅད་སྐར་མ་གཅིག་ཞུས་བསྟུན་བདེན་ཚིག་སྨོན་ལམ་གསུང་འདོན་གནང་རྗེས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་།
དེ་ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལྡི་ལི་ནས་ཕྱིར་འཁོར་ཏེ་བོད་ཁྱིམ་གྱི་རྩེད་ཐང་ཆེན་མོར་བསྐོར་བ་གཅིག་གནང་གྲུབ་མཚམས་སྤྱི་ཁྱབ་རྒན་བདག་གིས་སྐུ་མགྲོན་གཙོ་བོ་མཆོག་ལ་བརྒྱུད་སྤྲོད་ཞུས་ཡོད། དེ་ནས་བོད་ཁྱིམ་གྱི་སྤྱི་ཁྱབ་དབུ་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་བོད་ཁྱིམ་ཀྱི་ལས་བསྡོམས་སྒྲོགས་སྦྱང་གནང་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྐུ་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་གནང་གྲུབ་བསྟུན་སྐུ་མགྲོན་གཙོ་བོ་རྒྱལ་བ་ཀརྨ་པ་མཆོག་གིས་ལམ་སྟོན་གསུང་བཤད་གནང་དོན། ང་རང་དེ་རིང་འདིར་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༥༢ འཁོར་བའི་མཛད་སྒོར་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་བྱུང་བར་གཟི་བརྗིད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། མི་ལོ་ལྔ་བཅུའི་རིང་བོད་ཕྲུག་ཁྱིམ་སྡེ་ནས་བོད་ཀྱི་ཕྱི་ཕྱོགས་སུ་ཡོད་པའི་བཙན་བྱོལ་བོད་རིགས་བྱིས་པ་དང་ན་གཞོན་ཚོར་བདེ་ཐང་ལྡན་པའི་འཚོ་བའི་ཁོར་ཡུག་དང་སློབ་གསོ་བཟང་པོ་ཞིག་མཁོ་སྤྲོད་གནང་ཐུབ་པ་བྱུང་བ་རེད། དེ་ཡང་གཙོ་བོ་འཛམ་གླིང་གང་སར་བཞུགས་པའི་མི་སྣ་ཚོས་རོགས་རམ་གནང་བ་དང། དེ་བཞིན་བོད་རིགས་ཁྲི་སྟོང་མང་པོས་ཕྱ་བ་གྲུ་འདེགས་ཀྱིས་འབད་བརྩོན་གནང་བ་ལས་བྱུང་བ་རེད།
ལྷག་པར་ང་རང་ཚོའི་བོད་ཕྲུག་ཁྱིམ་སྡེའི་དབུས་དང་ཡན་ལག་གི་སྲི་ཞུའི་ལས་བྱེད་དང་དགེ་རྒན་རྣམ་པས་ཐུགས་ཁུར་གཟབ་བཞེས་གནང་བ་ལས་བྱུང་བ་ཞིག་ཡིན་པར་བརྟེན། ངས་དེ་རིང་གི་གོ་སྐབས་འདིའི་བརྒྱུད་ཚང་མར་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། ཚང་མས་མཁྱེན་གསལ་རེད། འཛམ་གླིང་འདི་རྒྱུན་ཆད་མེད་པར་འགྱུར་བ་འགྲོ་བཞིན་ཡོད། དེ་བཞིན་སྤྱི་ཚོགས་དང་ཁོར་ཡུག་ཡིན་ནའང་འགྱུར་བ་འགྲོ་བཞིན་ཡོད། ལྷག་པར་ཚན་རིག་གི་ལག་རྩལ་དེ་བས་ཀྱང་ཡར་རྒྱས་ཇེ་ཆེར་དུ་འགྲོ་གི་ཡོད། དེར་བརྟེན་ང་ཚོ་བོད་མི་ཚོས་ཕྱོགས་གཅིག་ནས་དུས་རབས་ཀྱི་རྗེས་སུ་བཟུང་ཐུབ་པ་དང། ཕྱོགས་གཞན་ཞིག་ནས་སོ་སོ་རང་ཉིད་ཀྱི་རིག་གཞུང་ཇི་ལྟར་སྲུང་སྐྱོབ་བྱེད་ཐུབ་མིན་ཞེས་པ་དེ་དྲི་བ་ཆེན་པོ་ཆགས་ཡོད། ལྷག་པར་གཅིག་བྱས་ན་རྒྱ་གར་དུ་སྐྱེས་ནས་འཚར་ལོངས་བྱུང་བའི་བོད་མི་ཞིག་གི་ངོས་ནས་བཤད་ན། ང་ཚོ་སྤྱི་ཚོགས་གསར་པ་ཞིག་གི་ནང་ཇི་ལྟར་རྐང་པ་བཙུགས་ཐུབ་པ་དང། རང་མགོ་རང་ཐོན་ཐུབ་པ་བྱེད་རྒྱུ་ཡིན་ན། ཕལ་ཆེར་བོད་པའི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དེ་ཁ་ཚ་དགོས་གཏུག་གི་གནས་ཚུལ་ལྟ་བུ་རེད། སྔོན་ལ་སོ་སོའི་སྤྱི་ཚོགས་ནང་རང་མགོ་རང་ཐོན་དང་རང་ཁ་རང་གསོ་བྱེད་མ་ཐུབ་པའི་དཀའ་ངལ་ཤུགས་ཆེན་པོ་ཆགས་པ་ལྟ་བུ་ཡོང་གི་ཡོད།
ངས་དེ་རིང་གི་དུས་ཚོད་འདི་བརྒྱུད་བོད་རིགས་ན་གཞོན་སློབ་མ་ཡོངས་ལ་གཞོན་ནུའི་དུས་དེར་གསེར་ལྟ་བུའི་དུས་ཚོད་འདི་འཕྲོ་བརླག་ཏུ་མ་བཏང་བར་དམ་འཛིན་བྱས་ཏེ་སློབ་སྦྱོང་ཐོག་འབད་བརྩོན་བྱེད་རྒྱུ་དང། སོ་སོ་སྒེར་གྱི་མི་ཚེ་དང་བོད་ཀྱི་མ་འོངས་པའི་ཆེད་གཞི་རྩ་བཟང་པོ་ཞིག་གཏིང་ཐུབ་རྒྱུའི་རེ་བ་དང་སྐུལ་མ་ཞུ་རྒྱུ་ཡིན། བོད་ཕྲུག་ཁྱིམ་སྡེ་ཁག་ནང་ཡོད་པའི་སློབ་ཕྲུག་མང་པོ་ཞིག་གིས་སོ་སོའི་རིག་གཞུང་ལ་རང་དབང་གི་ཐོག་ནས་སློབ་སྦྱོང་བྱེད་རྒྱུའི་ཕུགས་བསམ་ཞིག་འཁྱེར་ཏེ་ལ་ཀླུང་བརྒལ་ཏེ་རྒྱ་གར་ནང་བྲོས་བྱོལ་དུ་ཡོང་བ་རེད། དེར་བརྟེན་ཚང་མས་སོ་སོའི་ཐོག་མའི་ཕུགས་བསམ་ལ་ཡོད་པ་ལྟར། རྒྱ་གར་དུ་སླེབས་རྗེས་སོ་སོའི་ཆོས་དང་རིག་གཞུང་ཐོག་སློབ་སྦྱོང་ཐར་ཕྱིན་པ་བྱས་ཏེ་མ་འོངས་པར་སོ་སོའི་ལུང་པ་ཡིན་ནའང་འདྲ། ཡང་ན་རྒྱ་གར་གྱིས་མཚོན་ལུང་པ་གང་འདྲ་ཞིག་ལ་བསྡད་ཀྱང་རང་ཉིད་བོད་མི་མཚན་ཉིད་ལྡན་པ་ཞིག་དང། བོད་སྤྱི་པའི་དོན་དུ་ཞབས་ཞུ་སྒྲུབ་ཐུབ་མཁན་གྱི་མི་ཞིག་ཆགས་རྒྱུའི་རེ་བ་དང་སྙིང་སྟོབས་བཅང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་སྙམ་གྱི་འདུག གོང་དུ་བཀའ་ཤག་དང་སྤྱི་འཐུས་ཀྱི་གསུང་བཤད་གནང་སྐབས་སུའང་ཤེས་ཡོན་གལ་ཆེན་པོ་ཡིན་སྐོར་ངོ་སྤྲོད་གནང་སོང། ང་ལ་དེ་ལས་ལྷག་པ་ཞུ་རྒྱུ་མེད། གང་ལྟར་སྲོལ་རྒྱུན་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཀར་གལ་ཆེ་ཆུང་གཅིག་པ་བརྩི་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་རང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས་སོ་སོའི་བོད་ཀྱི་ལོ་རྒྱུས་དང་སྐད་ཡིག རིག་གཞུང་ལ་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ནས་བོད་ཁྱིམ་ལས་བྱེད་ཞབས་ལོ་ཉེར་ལྔ་འཁོར་བ་རྣམས་དང་བོད་ཁྱིམ་སློབ་གྲྭ་ཁག་གི་འཛིན་གྲྭ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཡང་རྩེར་སོན་པ། དེ་བཞིན་ཤེས་སྤྱོད་འཕྲོད་གསུམ་ལྡན་པའི་སློབ་མ་གཉིས་བཅས་ལ་ལེགས་སྐྱེས་གཟེངས་བསྟོད་གནང་གྲུབ་མཚམས་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སྡེ་ཚན་བཞིའི་སློབ་ཕྲུག་ཆིག་སྟོང་བརྒལ་བས་བོད་ཀྱི་སྣོད་བཅུད་ཀྱི་བཀོད་པ་མཚོན་པའི་ཡུལ་ལུང་གི་ཁོར་ཡུག་ལ་རྒྱ་དམར་གྱིས་གཏོར་བཤིག་བཏང་དང་གཏོང་བཞིན་པར་བོད་མིའི་འཐབ་རྩོད་རྒྱུན་སྲིང་གིས་རང་ལུས་མེར་སྲེག་བར་གྱི་བརྗོད་དོན་བོད་སྐྱོབས་ཞེས་པ་གཟིགས་འབུལ་ཞུས་རྗེས་རྡ་སྟེང་བོད་ཁྱིམ་གྱི་ངེས་སྟོན་པ་ཕུན་ཚོགས་རྣམ་རྒྱལ་ལགས་ཀྱིས་ཐུགས་རྗེ་ཆེ་གསུངས་ཏེ་མཛད་སྒོ་གྲོལ་ཡོད་པ་བཅས། །