༢༠༡༢ ཟླ་ ༡༠ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༣ རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ངོ་ལོ་ ༥༢ འཁོར་བའི་དུས་དྲན་མཛད་སྒོ་བོད་ཁྱིམ་གྱི་ཐང་ཆེན་དུ་ཚོགས་པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དུས་དྲན་དང་འབྲེལ་བའི་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་དོན། དེ་རིང་རྡ་ས་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༢ འཁོར་བའི་དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་བསྐྱངས་པའི་བཀའ་བརྒྱུད་བསྟན་པའི་གཙུག་རྒྱན་༸དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་དང། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ་དང་། དྲུང་ཆེ་འགན་འཛིན་རིམ་པ་སོགས་ལས་བྱེད་ཆེ་ཕྲ། ཕྱི་རྒྱལ་སྦྱིན་བདག་རྣམ་པ། ཕྱི་ནང་སྐུ་མགྲོན་རྣམ་པ། བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་མཆོག་དང། འགན་འཛིན། སློབ་སྤྱི། དགེ་ལས་རྣམ་པ། བརྩེ་བའི་སློབ་ཕྲུག་རྣམ་པ། དེ་རིང་འདིར་འདུས་རྒྱ་ཆེའི་སེར་སྐྱ་མང་ཚོགས་བཅས་ལ་ཐོག་མར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
བོད་ལྗོངས་དེ་བཞིན་རྒྱ་ནག་གུང་ཁྲན་དམར་པོའི་གཞུང་གིས་བཙན་འཛུལ་དྲག་གནོན་དང་འབྲེལ་ཧམ་བཟུང་བྱས་པར་བརྟེན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་ཁྲི་ཚོ་བརྒྱད་ལྷག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང། རྒྱ་གར་ནང་༸ཞབས་སོར་འཁོད་རྗེས་བོད་མིའི་རང་དབང་སླར་གསོ་སོགས་ཀྱི་ཆེད་མཛད་འཕྲིན་རྒྱ་ཆེ་སྐྱོང་གནང་མཛད་ཡོད་པ་དང། དེའི་ནང་ཚན་ཐོག་མར་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང། མ་འོངས་བོད་ཀྱི་བདག་པོའམ་སོན་རྩ་རྣམས་ཕྱི་ནང་གི་ཤེས་ཡོན་འདབ་གཤོག་གཉིས་ལྡན་དུ་འཚར་ལོངས་ཆེད་གསོ་སྐྱོང་མཛད་སླད། ཕྱི་ལོ་ ༡༩༦༠ ཐམ་པ་ལོར་ཐོག་མར་བུ་བཅོལ་ཁང་ཞེས་དབུ་འཛུགས་བསྐྱངས། སྐབས་དེར་༸སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་མཆོག་ལ་བུ་བཅོལ་ཁང་གི་དབུ་འཛིན་དུ་འགན་དབང་བསྐུར་གནང་མཛད་དེ་བོད་ནས་རིམ་འབྱོར་བོད་མི་རྣམས་ཀྱི་བུ་ཕྲུག་དང། ལམ་བཟོའི་ས་ཁུལ་སོགས་བོད་མིའི་སྡོད་གནས་ཁག་ནས་སློབ་ལོ་སོན་པ་དང་མ་སོན་པའི་བུ་ཕྲུག་མང་དག་བསྡུ་རུབ་གནང་སྟེ་ཟས་གོས་གནས་མལ་སོགས་གང་ཅིའི་མཐུན་རྐྱེན་དང་བཅས་གསོ་སྐྱོང་དང་། ཤེས་ཡོན་གྱི་གོ་སྐབས་གནང་རྒྱུ་བཅས་པར་སྐུ་ངལ་བརྒྱ་ཕྲག་ལ་གདོང་ལེན་ལྷུར་བཞེས་ཀྱིས་བཀའ་དྲིན་བླ་ན་མེད་པ་བསྐྱངས་ཡོད། དེ་རྗེས་༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་གྱི་ཐུགས་འགན་ཡོངས་སུ་བཞེས་ཏེ་གཞི་རྒྱ་ཆེ་ལ་གཟེངས་སུ་ཐོན་པའི་མཛད་རྗེས་ཇི་ལྟར་བསྐྱངས་པའི་ཚུལ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ཡིན།
དེང་གི་ཆར་ཡང་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་མཆོག་གིས་དབུས་འགན་འཛིན་དང། སློབ་སྤྱི། དགེ་ལས་བཅས་ཡོངས་ཀྱིས་ཞུ་སྒོ་འཐུས་ཤོར་མེད་པར་རྒྱུན་འཁྱོངས་གནང་བཞིན་པར་ཡང་ད་རེས་ཀྱི་དུས་དྲན་གྱི་གོ་སྐབས་འདིའི་ཐོག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མ་ཉིད་ནས་བོད་ཕྲུག་རྣམས་མ་འོངས་བོད་ཀྱི་སོན་རྩ་ཡིན་པ་དང། དེ་དག་ཤེས་ཡོན་འདབ་གཤོག་གཉིས་ལྡན་གྱི་བོད་མི་ཚད་ལྡན་ཤ་སྟག་ཏུ་འཚར་ལོངས་འབྱུང་བའི་ཐུགས་རེ་དང་བཅས་ཐུགས་བརྩེ་ཆེན་པོས་གཟིགས་སྐྱོང་མཛད་པ་དང། བོད་ཁྱིམ་དབུ་འཛིན་དང་འགན་འཛིན་རིམ་པ་དང། དགེ་ལས་ཡོངས་ཀྱིས་ངལ་བ་ལྷུར་བཞེས་ཀྱིས་འདས་པའི་ལོ་མང་དེ་དག་རིང་འབད་བརྩོན་རྒྱུན་མཐུད་གནང་བའི་ཉེར་ལེན་ལ་བརྟེན་ནས་ད་ཆ་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་ནས་ན་གཞོན་ཇེ་མང་སློབ་སྦྱོང་ལེགས་པར་ཐོན་ཏེ་རང་རེ་བོད་མིའི་སྒྲིག་འཛུགས་མ་ལག་དང་བཅས་པའི་ནང་དང། སྤྱི་ཚོགས་ནང་བོད་མིའི་བདེན་དོན་རྩོད་ལེན་གྱིས་གཙོས་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སོགས་ལས་རིགས་འདྲ་མིན་ཐོག་ཞབས་ཕྱི་ཞུ་བཞིན་དུ་ཡོད་པ་འདི་དག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་སྔོན་གཟིགས་ཀྱི་མཛད་ཐབས་མངོན་དུ་གྱུར་བ་ཞིག་ཡིན་པས། རང་རེ་ཚང་མས་དགའ་སྤོབས་དང་བཀའ་དྲིན་བསམ་ཤེས་ཐུབ་པ་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན།
ད་དུང་ཡང་སློབ་ཕྲུག་རྣམ་པ་ཚོས་སློབ་སྦྱོང་ལ་ཧུར་བརྩོན་བྱ་རྒྱུ་དང། ཡ་རབས་སྤྱོད་བཟང་གོང་སྤེལ་སོགས་སློབ་གྲྭའི་བྱེད་སྒོ་མཐའ་དག་ཐོག་འབད་རྩོལ་ལྷོད་མེད་གནང་དགོས། རང་རེའི་ཕ་ཡུལ་བོད་ལྗོངས་ནང་རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་ད་ཕན་མི་ལོ་བཅུ་ཕྲག་དྲུག་ལྷག་རིང་ཡུལ་གྱི་བདག་པོ་གཞིས་ལུས་བོད་མི་རྣམས་ལ་གསོད་རྡུང་བཀོལ་སྤྱོད་ཀྱི་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་དང་གཏོང་བཞིན་པ་མ་ཟད། རྒྱ་ནག་རང་གི་རྩ་ཁྲིམས་དང། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་བཅས་ལ་རྩིས་མེད་རྡོག་རོལ་བཏང་སྟེ། བོད་ནང་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་རྒྱུའི་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་ལ་དམ་དྲག་ཆེ་རུ་བཏང་བས་མ་ཚད། རྒྱ་གཞུང་གིས་ཉེས་མེད་ཀྱི་བོད་མི་མང་པོར་མིང་འདོགས་སམ་སྙད་འདོགས་འདྲ་མིན་གྱིས་བཙོན་འཇུག་དང་། བཀག་ཉར་བྱས་ཏེ་མི་སྤྱོད་ལས་འདས་པའི་གསོད་རྡུང་སོགས་དྲག་གནོན་སྣ་ཚོགས་བྱས་སྟབས་བོད་མི་རྣམས་བྱ་ཐབས་གཞན་བྲལ་ཏེ། ༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པ་དང། བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་རང་དབང་གི་དགོས་འདུན་དང་བཅས་ད་ཕན་བོད་མི་གྲངས་ ༥༧ གྱིས་རང་རང་གི་སྐུ་ལུས་མེར་བསྲེགས་ཀྱིས་ཞི་བའི་ལས་འགུལ་སྤེལ་ཡོད་པ་དེས་༸རྒྱལ་བ་རིན་པོ་ཆེ་དང། བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་རང་གི་སྲོག་ལས་གཅེས་པར་འཛིན་གྱི་ཡོད་པ་གསལ་སྟོན་གནང་བ་ཞིག་ཡིན་པས་རང་རེ་རང་དབང་ལུང་པ་ཁག་གི་ནང་བྱེས་འཁོད་བོད་མི་ཡོངས་ཀྱིས་ཁོང་རྣམ་པའི་ཕུགས་བསམ་རྣམས་དུས་རྟག་ཏུ་ཡིད་ལ་བཅང་བཞིན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། བོད་མིའི་འདི་ཕྱིའི་སྐྱབས་གནས་ཅིག་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་གསུམ་གསལ་གཟིགས་ཀྱི་བཀའ་སློབ་ལམ་སྟོན་མཛད་པ་རྣམས་ལ་ཉམས་ལེན་ཞུ་རྒྱུ་དང། ལྷག་པར་ན་གཞོན་སློབ་ཕྲུག་རྣམས་ཀྱིས་དེང་དུས་ཀྱི་ཤེས་ཡོན་འཛམ་གླིང་ཐོག་དཔུང་པ་མཉམ་གཤིབས་ཐུབ་པ་དང། ཁྱད་པར་བོད་མི་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་དོ་སྣང་ཆེན་པོས་སྦྱང་བརྩོན་དང། རྒྱུན་འཛིན་ཐུབ་པ་བྱ་རྒྱུའི་དམིགས་བསལ་གྱི་ལས་འགན་ཆེན་པོ་ཞིག་ཁུར་དུ་བབ་ཡོད་པས་དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་འབད་རྩོལ་གནང་དགོས་པའི་ནན་སྐུལ་བྱ་རྒྱུ་ཡིན།
དེ་རིང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་དུས་དྲན་མཛད་སྒོའི་ཐོག་སྐུ་མགྲོན་རྣམ་པ་དང་སེར་སྐྱ་མང་ཚོགས་བཅས་འདུ་འཛོམས་ཆེ་བའི་གོ་སྐབས་འདི་བཟུང་ནས་ཞུ་རྒྱུ་ཞིག་ལ། རྒྱ་ནག་དམར་པོའི་གཞུང་གིས་བོད་སར་བཙན་འཛུལ་བྱས་ཏེ་ད་བར་དུ་དྲག་གནོན་དང་གདུག་རྩུབ་མཁྲེགས་འཛིན་གྱི་སྲིད་བྱུས་ལ་འགྱུར་བ་མེད་པར་བོད་མི་དམར་གསོད་དང་། བཙོན་འཇུག གཅར་རྡུང་། སུན་གཙེར་སོགས་འགྲོ་བ་མིའི་ཀུན་སྤྱོད་ལས་ཡོངས་སུ་འདས་པའི་སྡུག་སྦྱོང་མནར་གཅོད་མི་ཟད་པ་བཏང་དང་གཏོང་བཞིན་པ་ཙམ་དུ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་བྱ་རྒྱུར་འགོག་རྐྱེན་ཐབས་བརྒྱ་བྱུས་སྟོང་གིས་རབས་དང་རིམ་པ་བྱེད་བཞིན་པ་དང་།
དེ་བཞིན་བོད་ཀྱི་གཙང་ཆུ་བཀག་བསྐྱིལ་དང་། གཏེར་ཁ་སྔོག་འདོན། ཤིང་ནགས་གཅོད་འབྲེག སྤང་ཐང་ལ་ལྕགས་རྭ་སྐོར་བ་སོགས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ཆགས་འཇིག་གི་གནས་སུ་འགྱུར་བཞིན་པར་བརྟེན་བོད་མི་རྣམས་ཀྱིས་ཞི་རྒོལ་བྱས་པར་རྡུང་རྡེག་ཚ་ནན་བྱེད་བཞིན་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་བོད་ས་ཡོངས་རྫོགས་སུ་རྒྱ་དམག་གིས་དྲག་གནོན་གདུག་རྩུབ་ཀྱི་སྲིད་བྱུས་སྔར་ལས་རྣོ་ངར་ཇེ་ཆེར་བཏང་སྟེ། ཕྱི་ལོ་ ༢༠༠༩ ལོ་ནས་བོད་མི་རྣམས་ཀྱིས་རྒྱ་མིའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཚད་མཐོའི་ཞི་རྒོལ་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བཞིན་པར་བརྟེན་བོད་ནང་དུ་རྒྱ་དམར་གྱི་སྡུག་སྦྱོང་མནར་གཅོད་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་གནས་སྟངས་དང་བོད་མི་རྣམས་ཀྱི་མངོན་འདོད་རྣམས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཁག་ལ་སྙན་གསན་ཞུ་རྒྱུ་སོགས་ཀྱི་ཆེད་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་སྦྲགས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་ཕྱི་ལོ་ ༢༠༡༢ ལོའི་ཟླ་བ་ ༧ པའི་ཚེས་ ༦ སྐུའི་འཁྲུངས་སྐར་གྱི་ཉིན་དངོས་སུ་འགོ་འཛུགས་ཞུས་ཏེ་འཛམ་གླིང་ཡུལ་གྲུ་གང་སར་སྤེལ་དང་སྤེལ་བཞིན་པ་ལྟར།
མཐར་ཕྱི་ལོ་ ༢༠༡༢ ལོའི་ཟླ་བ་ ༡༢ པའི་ཚེས་ ༡༠ ཉིན་ཨ་རིའི་ནིའུ་ཡོག་རྒྱལ་ཚོགས་ལས་ཁུངས་དང་། སུད་སི་ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དེ་བཞིན་རྒྱ་གར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་སོ་སོར་ཉིན་བརྒྱ་དུས་གཅིག་ཏུ་ཞུ་འབོད་ཀྱི་སྙན་ཞུ་ཕུལ་ཏེ་མཇུག་བསྒྲིལ་རྒྱུ་ཡིན་ཅིང་། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་འདི་དག་སྤེལ་བཞིན་པའི་དུས་མཚམས་ནང་དེ་རིང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་ ༥༢ འཁོར་བའི་དུས་དྲན་གྱི་མཛད་སྒོ་ཟབ་རྒྱས་གནང་བཞིན་པ་འདི་འཁེལ་ཡོད་པས་དེ་རིང་འདིར་ཡང་བདེན་པའི་མེ་ལྕེ་སྐོར་བསྐོད་ཀྱི་ཆ་ཤས་དམིགས་བསལ་ལས་འགུལ་ཞིག་སྤེལ་གྱི་ཡོད་པས་ཚང་མས་བོད་ནང་གི་ཛ་དྲག་གི་གནས་སྟངས་རྣམས་དྲན་བཞིན་པའི་ངང་གཞིས་བྱེས་བོད་མིའི་ཐུན་མོང་གི་རེ་འདོད་དང་དགོས་འདུན་རྣམས་འཕྲལ་ནས་མྱུར་དུ་བསྒྲུབ་ཕྱིར་འབད་རྩོལ་ལྷོད་མེད་གནང་དགོས་པ་མ་ཟད། རྒྱལ་སྤྱིའི་ཁྱོན་ནས་རྒྱབ་སྐྱོར་ངེས་གནང་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན།
དེ་སྔ་བོད་ནང་དུ་དེང་དུས་ཀྱི་ཤེས་ཡོན་དང་ཆབ་སྲིད་ཀྱི་ལྟ་རྒྱ་དང་མཐོང་རྒྱ་ཆུང་དྲགས་པའི་སྐྱོན་གནད་བྱུང་ཡོད་པར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་མ་ཐག་ཤེས་ཡོན་གྱི་བསྟི་གནས་སློབ་གྲྭ་ཁག་ཟུར་འཛུགས་གནང་རྒྱུ་ཨང་དང་པོར་མཛད་དེ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཆེད་འཛུགས་མཛད་ཡོད། དེ་དག་གི་ཁྲོད་ནས་གཅིག་ནི་དེ་རིང་ང་ཚོས་དུས་དྲན་སྲུང་བརྩི་ཞུ་བཞིན་པའི་བོད་ཕྲུག་ཁྱིམ་སྡེ་འདི་ཡིན། དུས་དྲན་སྲུང་བརྩིའི་ཆེད་དུ་ང་ཚོ་འདིར་འཛོམས་དགོས་དོན་ཡང་འདས་པའི་ལས་དོན་ལ་བསྐྱར་ཞིབ་དང་ཕྱོགས་བསྡོམས་བྱས་ནས་མ་འོངས་པའི་ལས་འཆར་ལ་དམིགས་ཚད་ངེས་ཅན་ཞིག་བཟུང་སྟེ་མདུན་སྐྱོད་ཀྱི་འགོ་གསར་པ་འཛུགས་རྒྱུའི་ཆེད་དུ་ཡིན།
སློབ་གྲྭ་ཟེར་བ་ནི་མིའི་རྣམ་སྤྱོད་ཀྱི་ནུས་པ་ཤེས་ཡོན་ཡར་རྒྱས་གཏོང་རྒྱུའི་བསྟི་གནས་ཤིག་ཡིན་སྟབས་དགེ་ལས་སློབ་གསུམ་ཚང་མའི་ནུས་ཤུགས་ཡོད་ཚད་གཅིག་ཏུ་བསྒྲིལ་ནས་སྔར་ལྷག་ཤེས་ཡོན་གྱི་ཐད་ལ་འབད་བརྩོན་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཡང་གཙོ་ཆེ་ཤོས་ཤིག་ནི་སློབ་ཕྲུག་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བཀའ་སློབ་བསྩལ་དང་སྩོལ་བཞིན་པ་ལྟར་བོད་མིའི་ཡ་རབས་བཟང་པོའི་གོམས་གཤིས་རྣམས་མི་ཉམས་རྒྱུན་འཛིན་ངང་ཤེས་ཡོན་སྲིད་བྱུས་དགོངས་དོན་གནའ་དེང་གི་ཤེས་ཡོན་འདབ་གཤོག་གཉིས་ལྡན་ཞིག་བྱ་རྒྱུའི་དམིགས་ཚད་བཟུང་སྟེ་སློབ་སྦྱོང་བྱ་དགོས་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན། དེ་ཡང་དཔེར་ན་དེང་སྐབས་ཡར་ཐོན་ཅན་གྱི་ལུང་པ་མང་པོའི་ནང་དེང་རབས་ཀྱི་ཤེས་ཡོན་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་བྱམས་བརྩེ་དང་ཡ་རབས་ཀྱིས་ཕོངས་པའི་དཀའ་ངལ་ཇེ་མང་འཕྲད་བཞིན་ཡོད། དེར་བརྟེན་ཚན་རིག་གཙོ་བོར་གྱུར་པའི་དེང་རབས་ཀྱི་ཤེས་ཡོན་སློབ་སྦྱོང་བྱ་རྒྱུ་ཙམ་དུ་མ་ཟད་རང་རེའི་ཕ་མེས་ཡང་མེས་ནས་ཡོང་བའི་ང་ཚོའི་གཤིས་རྒྱུད་དུ་བྱམས་པ་དང་སྙིང་རྗེས་རྩ་བ་བྱས་པའི་ཡ་རབས་བཟང་པོའི་གོམས་གཤིས་ཀྱི་རིག་གཞུང་བླ་ན་མེད་པ་ཞིག་ཡོད་པ་དེ་དག་ཉམས་ལེན་རྒྱུན་འཛིན་བྱ་རྒྱུ་ནི་གནད་ཀྱི་སྙིང་པོ་ཡིན། དེ་ལྟར་གནང་ཚེ་རྒྱལ་བའི་བཀའ་བཞིན་སྒྲུབ་པའི་མཆོད་པའམ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཀྱང་དེ་རང་ཡིན་པས་རང་རེ་རྒན་དར་གཞོན་གསུམ་ཚང་མ་དང། ལྷག་པར་མི་ཚེའི་མདུན་ལམ་འགོ་འཛུགས་གནང་བཞིན་པའི་ན་གཞོན་རྣམས་ཀྱིས་དུས་རྟག་ཏུ་སྒོ་གསུམ་གྱི་སྤྱོད་པ་ཡ་རབས་བཟང་སྤྱོད་དང་ཁ་མ་བྲལ་བ་གནང་རྒྱུར་འབད་བརྩོན་གནང་གལ་ཆེ་ཞེས་ཞུ་རྒྱུ་བཅས།
མཐའ་དོན་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་པ་རྣམས་ཀྱི་སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། བོད་ཕྲུག་ཁྱིམ་སྡེ་འདི་བཞིན་སྔར་བས་དར་ཞིང་རྒྱས་པར་བསྐྱོད་ཐུབ་པ་བཅས་ཀྱི་སྨོན་འདུན་ཞུ་རྒྱུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༠ ཚེས་ ༢༣ ལ།།