༢༠༡༢ ཟླ་ ༡༠ ཚེས་ ༡༤ རེས་གཟའ་་ཉི་མ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༣ རེས་གཟའ་སྤེན་པའི་ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡ ཡོལ་ཙམ་ལ་བོད་མདོ་སྨད་གཙོད་དགོན་པའི་མཆོད་རྟེན་ཉེ་འགྲམ་དུ། གཙོད་ཁ་སོག འབྲོང་ལྕེ་སྡེ་བའི་རྟ་མགྲིན་རྡོ་རྗེས་རྒྱ་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད། རྒྱལ་གཅེས་པ་དམ་པ་ཁོང་ནི། རྗེ་གུང་ཐང་རིན་པོ་ཆེ་སྐུ་ཕྲེང་བདུན་པའི་ཡུམ་གྱི་ཨ་ཕ་ཡིན་འདུག དེ་ཉིན་གྱི་ཉིན་དགུང་ཆུ་ཚོད་ ༣ ཙམ་ལ་འདས་པོའི་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་ཞུས་ཏེ། གཙོད་དགོན་པའི་དགེ་འདུན་པ་རྣམས་འདུ་འཛོམས་ཀྱིས་བསྔོ་སྨོན་གསུངས་ཡོད་པ་མ་ཟད། ས་གནས་བོད་རིགས་མང་པོ་ཞིག་རིམ་བཞིན་རྒྱལ་གཅེས་པ་ཁོང་གི་ཁང་ཁྱིམ་དུ་འབྱོར་ནས་སྐུ་ཕུང་ལ་མཇར་དར་ཕུལ་ཏེ་དམ་པ་ཁོང་ལ་གདུང་སེམས་མཉམ་སྐྱེའི་སྨོན་ལམ་བརྒྱབ་ཡོད། སྐབས་དེར་རྒྱ་མིའི་ཉེན་རྟོག་མི་སྣ་དང་དྲག་ཆས་ཉེན་རྟོག་པ་མང་པོ་ཞིག་འབྱོར་ཏེ་དགོན་པའི་མཐའ་འཁོར་ཡོད་བྱས་པ་མ་ཟད། དགོན་པའི་ཉེ་འགྲམ་དུ་མང་ཚོགས་ཀྱི་འགྲོ་བསྐྱོད་ལའང་བཀག་སྡོམ་བྱེད་བཞིན་ཡོད་འདུག་པ་བཅས།།