༢༠༡༢ ཟླ་ ༡༠ ཚེས་ ༢༦ རེས་གཟའ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དང། རྡ་ས་དབུས་སྨན་རྩིས་ཁང་། རྡོར་གླིང་ལྕགས་པོ་རིའི་དྲན་རྟེན་བོད་སྨན་སློབ་གཉེར་ཁང། ཝར་ཎ་བོད་ཀྱི་གཙུག་ལག་སློབ་ཁང་གི་གསོ་བ་རིག་པའི་ཚན་པ་བཅས་ཟུང་འབྲེལ་གྱིས་གོ་སྒྲིག་འོག་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པའི་དབུ་འབྱེད་ཀྱི་མཛད་སྒོ་རྡ་ས་དབུས་སྨན་རྩིས་ཁང་གི་ཚོགས་ཁང་ནང་འཚོགས་རྒྱུ་ཡིན་འདུག
དེ་ཡང་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྣང་གསལ་ཞལ་འབྱེད་གནང་རྗེས་གཡུ་ཐོག་གསོལ་འདེབས་དང་རྟེན་འབྱུང་གསོལ་ཇ་འབྲས་སིལ་འབུལ་རྒྱུ། དེ་ནས་དབུས་སྨན་པའི་ལྷན་ཚོགས་ནས་གཡུ་ཐོག་གཟེངས་རྟགས་དང་སྨན་སྦྱོར་དེབ་སྐྱེལ་ལག་འཁྱེར་འབུལ་རྒྱུ་ཡིན་འདུག དེ་རྗེས་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོས་དགའ་བསུའི་གསུང་བཤད་གནང་གྲུབ་བསྟུན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་ཚོགས་ཆེན་གྱི་ངོ་སྤྲོད་གསུང་བཤད་གནང་རྒྱུ། དེ་ནས་དམིགས་བསལ་སྐུ་མགྲོན་དང་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་རྗེས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ། དེ་ཉིན་གྱི་ཕྱེད་ཡོལ་ནས་ཚོགས་འདུ་དབུ་འཛུགས་གནང་རྒྱུ་ཡིན་འདུག་པ་བཅས།།