༢༠༡༢ ཟླ་ ༡༠ ཚེས་ ༩ རེས་གཟའ་མིག་དམར།
༄༅། །བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༦ ཉིན་གྱི་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡༢ ཡོལ་ཙམ་ལ་མདོ་སྨད་གཙོད་གྲོང་ཁྱེར་དང་སྤྱི་ལེ་བཅུ་ཙམ་གྱི་སར་ཡོད་པའི་རྡོ་དཀར་དགོན་པའི་གཡོན་ངོས་མཆོད་རྟེན་ཉེ་འགྲམ་དུ། ས་གནས་དེ་གའི་ཡུལ་ཚོ་རྫེ་རོའི་སྐྱེས་པ་རང་ལོ་ ༢༧ ཡིན་པ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག ཁོང་གིས་མེར་སྲེག་གཏོང་སྐབས། ༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་སྐད་ཡིག་དང་ཆོས་དད་རང་དབང་དགོས། ཞེས་སོགས་ཀྱི་སྐད་འབོད་གནང་ཡོད་འདུག སྐབས་དེར་དགོན་པའི་གྲྭ་མང་གིས་ཁོང་གི་སྐུ་ཕུང་དགོན་པར་གདན་འདྲེན་ཞུས་ཏེ་བསྔོ་སྨོན་རྒྱ་ཆེར་གནང་ཡོད་པ་དང་། དེའི་རྗེས་དགོན་པ་ནས་སྐྱ་སེར་མི་མང་གིས་ཁོང་གི་སྐུ་ཕུང་སྡེ་བར་གདན་དྲངས་ཏེ་མཆོད་འབུལ་བྱས་འདུག གནས་ཚུལ་དེ་བྱུང་རྗེས་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་ཞིག་དགོན་པ་དང་སྡེ་བར་འབྱོར་ཡོད་འདུག
སངས་རྒྱས་རྒྱ་མཚོ་ལགས་ཀྱི་ཕ་མིང་ལ་མགོན་པོ་དོན་གྲུབ་དང་མ་མིང་ལ་མགོན་པོ་འཚོ། གཟའ་ཟླའི་མིང་ལ་རྡོ་རྗེ་སྐྱིད་ཟེར་ཞིང་། ཁོང་ལ་ལོ་ ༧ ཡིན་པའི་བུ་རྡོ་རྗེ་དོན་འགྲུབ་དང་། ལོ་ ༥ ཡིན་པའི་བུ་མོ་ཏིང་འཛིན་འཚོ་བཅས་བྱིས་པ་གཉིས་ཡོད་འདུག
ད་ལྟ་རྡོ་དཀར་ཚོ་བ་གསུམ་གྱི་མི་མང་རྣམས་ཁོང་གི་ཁྱིམ་དུ་འཛོམས་ཏེ་རྒྱལ་གཅེས་པ་སངས་རྒྱས་རྒྱ་མཚོ་ལགས་སུ་མྱ་ངན་དང་། ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ་བཏང་ཡོད་པ་མ་ཟད། རྗེས་ཕྱོགས་གང་ཐད་ནས་འགན་ཁུར་མཉམ་ལེན་དང་སྐྱིད་སྡུག་མཉམ་མྱོང་བྱ་རྒྱུའི་ཁས་ལེན་གནང་སྟེ་འདས་པོའི་ནང་མིར་གདུང་སེམས་མཉམ་སྐྱེ་གནང་ཡོད་འདུག
ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྡོ་དཀར་སེར་སྐྱ་མང་ཚོགས་ནས་ཞི་བའི་ངོ་རྒོལ་ཤུགས་ཆེན་གནང་བར་བརྟེན། སྔ་གཞུག་ཏུ་དམག་མི་དང་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་འབོར་ཆེན་ཡོང་སྟེ། སྡེ་བ་སོ་སོར་བཙན་འཛུལ་གྱིས་སྒོ་དང་སྒེའུ་ཁུང་སོགས་བཅག་པ་དང་།སྦག་སྦག་ ༨༠ ཙམ་བཙན་འཕྲོག་བྱས་པ། གཞན་རྒྱུ་དངོས་རྩ་ཆེན་མང་བོ་བཅོམ་འཕྲོག་བྱས་ཡོད་འདུག མི་སྐྱ་ ༧༠ ལྷག་འཛིན་བཟུང་གཅར་རྡུང་ཚད་མེད་བཏང་མཐར་རྒྱ་སྒོར་ ༣༠༠༠ རེའི་ཉེས་ཆད་བཅད་དེ་གློད་བཀྲོལ་བཏང་ཡོད་འདུག སྐབས་དེ་ནས་བཟུང་ད་ལྟའི་བར། དུས་ཚོད་ངེས་མེད་ལ་རྒྱ་གཞུང་གི་ལས་དོན་རུ་ཁག་དགོན་པའི་ནང་དུ་ཡོང་ནས་རྒྱལ་གཅེས་སློབ་གསོ་ཟེར་བ་སྤེལ་གྱི་ཡོད་འདུག
གནས་ཚུལ་ཞིབ་ཕྲ་ཁོ་སྤྲོད་གནང་མཁན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་ཆོས་རྒྱ་མཚོ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ལོ་འདིའི་ཁོང་ཚོའི་འབོད་སྒྲ་གཙོ་བོ་ནི། ཕྱི་ལོ་ ༢༠༠༧ ལོར་ཡུལ་དེར་ས་གནས་རྒྱའི་དཔོན་རིགས་ཁག་ཅིག་སླེབས་ཏེ། ༸རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རྒྱུར་མོས་མཐུན་ཡོད་མེད་ཀྱི་བསམ་ཚུལ་མིང་རྟགས་བླངས་སྐབས། མི་མང་ཐུན་མོང་གིས་མོས་མཐུན་ཡོད་པའི་མིང་རྟགས་བཀོད་ཀྱང་། ས་གནས་རྒྱའི་ལས་བྱེད་རྣམས་ཀྱིས་ལོག་བསྒྲུབ་བྱས་ཏེ་རྡོ་དཀར་མི་མང་གིས་༸རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རྒྱུར་འདོད་མོས་མི་འདུག་ཅེས་གོང་རིམ་ལ་སྙན་ཞུ་རྫུན་མ་ཕུལ་བ་དེ་དྲང་བདེན་མ་ཡིན་པ་དང་།
མི་མང་གི་བསམ་འདུན་དང་རྒྱབ་འགལ་ཡིན་པའི་འབོད་སྒྲ་བསྒྲགས་པ་ཞིག་ཡིན་འདུག
རྡོ་དཀར་ཡུལ་ཚོ་ནི་སྔོན་ཆད་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གཞིས་དང་། རྡོ་དཀར་མཆོད་རྟེན་ཤར་དགའ་ལྡན་བཀྲ་ཤིས་རབ་རྒྱས་གླིང་ཡང་ན༼ རྡོ་དཀར་དགོན། ༽འབྲས་འབུལ་སྡུད་པ་བོད་པ་ཆོས་རྗེས་ཕྱག་བཏབ་པ་ཞིག་ཡིན་འདུག ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་སྐྱབས་མཆོག་འཇིགས་མེད་དབང་བོའི་སྐུ་རིང་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེའི་ནང་མར་གྱུར་ཅིང་། དུས་འགྱུར་ཡར་སྔོན་བར་རྡོ་དཀར་དགོན་པའི་གྲྭ་པ་རྣམས་བཀྲ་ཤིས་འཁྱིལ་གྱི་རིགས་གྲྭ་དང་སྨོན་ལམ་སོགས་ལ་ཕེབས་སྲོལ་ཡོད་པ་རེད། ད་ལྟ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོད་གྲོང་ཁྱེར་སྣ་བུག་ཞང་རྡོ་དཀར་རུ་ཆེན་ཞེས་གཞུང་ཕྱོགས་ནས་བཅད་བགོས་བྱས་ཡོད་ལ། ཉིན་པ་སྡེ་བདུན་དང་སྲིབ་པ་སྡེ་བདུན་བཅས་རྡོ་དཀར་ཉིན་སྲིབ་གཉིས་ཀར་སྡེ་བ་བཅུ་བཞི་ཡོད་འདུག་པ་བཅས། །