༢༠༡༢ ཟླ་ ༡༠ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །རྒྱ་གཞུང་གི་ནོར་འཁྲུལ་སྲིད་བྱུས་ལ་རང་རེའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་ཆེས་ཚད་མཐོ་བའི་འཚེ་མེད་ཞི་བའི་ངོ་རྒོལ་བྱས་དང་བྱེད་བཞིན་པ་ལྟར། མདོ་སྨད་བླ་བྲང་དུ་རྒྱལ་གཅེས་དཔའ་བོ་རྡོ་རྗེ་རིན་ཆེན་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ ༡༠ ཚེས་ ༢༣ ཉིན་ཞོགས་པ་སྔ་མོ་ནས་ཡར་ལངས་ཏེ། དང་ཐོག་བླ་བྲང་དགོན་པར་སོང་ནས་མཆོད་མཇལ་དང་སྐོར་བ་གང་ཐུབ་ཅིག་སོང་རྗེས། རྟེན་འབྲེལ་ཞིག་ལ་བརྟག་པ་ཡིན་ནམ་རྐྱེན་གང་ཡིན་མི་གསལ་ཡང་དགོན་པ་དང་རང་ཁྱིམ་བར་ཕར་འགྲོ་ཚུར་འོང་ཐེངས་གསུམ་བྱས་ཤིང་། མཐའ་མ་དེར་རང་ཁྱིམ་གྱི་ཕྱི་ནང་གང་སར་གཙང་སྦྲ་ཧ་ལས་པའི་ཡག་པོ་ཞིག་བྱས་རྗེས། ཡར་ཡོང་སྟེ་བསང་ཆུ་རྫོང་གི་དྲག་ཆས་ཉེན་རྟོག་ཁང་གི་སྒོ་འགྲམ་མམ་འོད་ལྡན་ཚོང་རའི་ཉེ་འདབས་སུ་བོད་ནང་གི་ཉིན་རྒྱབ་དུས་ཚོད་ ༣།༣༠ སྟེང་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག
དེ་མ་ཐག་ནམ་རྒྱུན་དེར་ཡོད་རྫོང་གི་བདེ་སྲུང་དམག་མི་དང་ཉེན་རྟོག་པ་ཚོས་ཁོང་གི་སྐུ་ཕུང་བཙན་ཁྱེར་བྱེད་རྩིས་བྱས་པས། དེར་ཡོད་ས་གནས་བོད་རིགས་མང་ཚོགས་ཀྱིས་ཁྱེར་དུ་མ་བཅུག་པས། ཁོང་ཚོའི་བར་འཁྲུག་རྩོད་ཤོར་ནས་མཐར་དམ་པ་ཁོང་གི་སྐུ་ཕུང་མི་མང་གིས་འདས་པོ་ཁོང་གི་ཁྱིམ་དུ་གདན་འདྲེན་ཞུས་ཐུབ་ཡོད་འདུག སྐབས་དེར་བླ་བྲང་དགོན་པའི་གྲྭ་མང་གིས་གནས་ཚུལ་དེ་ཐོས་ནས་ལམ་སེང་ཁོང་གི་ཁྱིམ་དུ་སྨོན་ལམ་དང་ཁྲུས་ཆོག་འདོན་དུ་ལམ་ལ་ཆས་ནས་སྲང་ལ་ཐོན་དུས། བདེ་སྲུང་དམག་མི་དང་དྲག་ཆས་ཉེན་རྟོག་དམག་མིས་བཙན་གྱིས་བཀག་ནས་འགྲོར་མ་བཅུག་པས། གྲྭ་མང་གིས་གཞུང་ལམ་སྟེང་དུ་སྨོན་ལམ་གསུངས་དགོས་པ་བྱུང་འདུག རྒྱལ་གཅེས་དཔའ་བོ་རྡོ་རྗེ་རིན་ཆེན་ལགས་ནི། ད་ལོ་རང་ལོ་༥༨ དང་། སྐྱེ་ཡུལ་ཟ་ཡུས་ནང་སྡེ་བ་གོང་མ། ཁོང་གི་བཟའ་ཟླའི་མིང་ལ་ཀླུ་ཐར་འཚོ་ཟེར་ཞིང་། ཁོང་གཉིས་ལ་བུ་བུ་མོ་གཉིས་ཡོད་པ་ལས། བུའི་མིང་ལ་རྟ་བྷོ་དང་། བུ་མོའི་མིང་ལ་རིག་འཛིན་འཚོ་ཟེར་ཞིང་། ཁོང་གི་ཁྱིམ་ཚང་ལ་བཟའ་མི་བརྒྱད་ཡོད་པ་རེད་འདུག རྒྱལ་གཅེས་དཔའ་བོ་ཁོང་ནི། ཕྱི་ལོ་ ༢༠༠༩ ལོ་ནས་ཕྱི་ལོ་ ༢༠༡༢ ལོའི་ཟླ ༡༠ ཚེས ༢༣ བར་རང་ལུས་མེར་བསྲེགས་གཏོང་མཁན་ ༥༨ པ་དང་། རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་གྱུར་བ་ ༤༨ པ་དེ་ཆགས་ཡོད་པ་རེད།
རྒྱ་གཞུང་གིས་བོད་ནང་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། སྨྲ་བརྗོད་རང་དབང་། སྐད་ཡིག་གོམས་གཤིས། ས་ཆུ་བདག་གཅེས་སོགས་ཁོར་ཡུག་དང་བཅས་པ་མངོན་ལྐོག་བརྒྱུད་གསུམ་ནས་གཏོར་བཤིག་དང་། མི་འབོར་སྤོ་ཤུགས་ཀྱི་བཙན་རྒོལ་སོགས་བོད་ཡུལ་རྒྱ་ཡུལ་ཅན་དུ་བསྒྱུར་འཆར་གྱི་ལས་འགུལ་རབས་དང་རིམ་པ་སྤེལ་བ་དང་། བོད་མི་རིགས་ཀྱི་རྒྱུན་ལྡན་སེམས་ཁམས་ལ་གནོད་པའི་སློབ་གསོའི་རྣམ་གྲངས་བཙན་ཤེད་ཀྱིས་ལག་བསྟར་བྱས་པས། བོད་ས་ཁྱོན་ཡོངས་སུ་འ་ཆད་འུ་ཐུག་གིས་རྩ་ཆེའི་ལུས་སྲོག་མེར་བསྲེགས་བཏང་སྟེ། ཆེས་ཚད་མཐོ་བའི་འཚེ་མེད་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རིམ་བསྟུད་དུ་སྤེལ་བར། རྒྱ་གཞུང་གིས་སྣང་ཆུང་ཁྱད་གསོད་ཀྱིས་དེ་དག་གི་རྒྱུ་རྐྱེན་དང། ངོ་བོ། བྱེད་ལས་བཅས་ལ་སྒྲོ་སྐུར་འཁྱོག་བཤད་སྣ་ཚོགས་བྱས་ཏེ། ཡ་ལན་ཁྱོན་ནས་མི་བྱེད་ཁར། ད་དུང་ཁྲིམས་མེད་ལུགས་མེད་ཀྱིས་འཇིགས་སྐུལ་དྲག་ཤུགས་ཀྱིས་གཉའ་གནོན་བྱས་དང་བྱེད་བཞིན་པ་ནི། ཧ་ཅང་བློ་ཕམ་སྐྱེ་གཞི་ཞིག་ཡིན་པར་མ་ཟད། བོད་ཕྱི་ནང་གི་ཤ་ཁྲག་གཅིག་པའི་སྤུན་ཟླ་མི་རིགས་ཚང་མའི་སྙིང་ལ་གྲི་བཙུགས་པ་བཞིན་བརྗེད་དཀའ་བའི་ན་ཟུག་བཏང་སྟེ། ཞེ་འཁོན་སློང་བཞིན་ཡོད། གནས་སྟངས་འདིའི་མདུན་རྒྱབ་ལ་རྒྱ་གཞུང་གིས་དངོས་ཐོག་བདེན་འཚོལ་གྱིས་བསམ་ཞིབ་མ་བྱས་ན། ད་དུང་ཛ་དྲག་གི་གནས་བབ་འདི་ལས་ཇེ་སྡུག་ཏུ་འགྱུར་ངེས་པས་འབྱུང་འགྱུར་གྱི་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁྱེར་དགོས། རྒྱ་གཞུང་གིས་གཡོ་རྫུན་གྱི་འཁྱོག་བཤད་དེ་དག་ཇི་སྐད་བཤད་པ་ལྟར་གནས་ཚུལ་བདེན་པ་ཡིན་ན། རྒྱལ་སྤྱིའི་ངོ་བོ་ཅན་གྱི་སྒྲིག་འཛུགས་ཁག་གི་སྐུ་ཚབ་དང་། རྒྱལ་ཁབ་ཁག་གི་རྟོག་ཞིབ་པ་དང། གསར་འགོད་པ་བཀག་སྡོམ་མེད་པར་ཤར་གཏོང་གིས་ཞིབ་འཇུག་བྱེད་དུ་འཇུག་པ་དང་། ཕྱོགས་ལྷུང་གི་སྲིད་བྱུས་བཅོས་བསྒྱུར་ཡོ་བསྲང་གིས་ཐབས་སྡུག་གི་གནས་ཚུལ་དེའི་རིགས་མི་ཡོང་རྒྱུར་འགན་འཁྱེར་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡིན།
དེ་བཞིན་རྒྱལ་སྤྱིའི་ངོ་བོ་ཅན་གྱི་སྒྲིག་འཛུགས་དང་། རྒྱལ་ཁབ་ཁག་གིས་ཀྱང་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་། དྲང་བདེན་ལ་རྒྱབ་སྐྱོར་གྱིས་བོད་ནང་གི་ཛ་དྲག་གི་གནས་ཚུལ་ལ་མངོན་གསལ་དོད་པོས་ངོས་འཛིན་དང་རྒྱབ་སྐྱོར་ཐོག་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་དང། ཕ་མ་བུ་ཕྲུག་དང་བཟའ་ཟླ་ནང་མི། ལུས་སྲོག་ལོངས་སྤྱོད་ཡོངས་རྗོགས་བློས་གཏོང་གིས་རྒྱལ་སྤྱིའི་ཐོག་རེ་བའི་མིག་འབུར་གཏོད་པའི་ངོ་རྒོལ་གྱི་ལས་འགུལ་འདི་དག་ལ་བསམ་ཞིབ་ཐོག་ཁ་ཡོད་ལག་ཡོད་ཀྱིས་རྒྱབ་སྐྱོར་གནང་རྒྱུར་རེ་སྐུལ་ནན་མོ་བྱེད་རྒྱུ་ཡིན། ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༤ ཉིན།།