༢༠༡༢ ཟླ་ ༡༠ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །འདི་གར་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༣ པའི་ཚེས་ ༡༤ ཉིན་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་མཁན་རེབ་གོང་རོང་བོ་དགོན་པའི་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་གྱི་ཕྱི་དྲོར་རང་ཤག་ཏུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འཕྲལ་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་གྲྭ་ཚང་གསུམ་གྱི་གྲྭ་མང་ཡོངས་མཉམ་འཛོམས་ཀྱིས་སྨོན་ལམ་གསུངས་ཡོད་པ་དང་། དམ་པ་ཁོང་གིས་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༤ ཉིན་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་སྐབས་རེབ་གོང་དགེ་འདུན་ཆོས་འཕེལ་སློབ་གྲྭ་དང། རྫོང་མི་རིགས་སློབ་འབྲིང་དབྱི་ཧྥུ་མི་རིགས་སློབ་འབྲིང་། ལས་རིགས་ལག་རྩལ་སློབ་གྲྭ རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་བཅས་ཀྱི་སློབ་མ་ཚོས་ངོ་རྒོལ་ཁྲོམ་སྐོར་གཞི་རྒྱ་ཆེ་བ་བྱས་ཡོད་པ་དང་།
དམ་པ་ཁོང་རང་ཤག་ཏུ་སྨན་བཅོས་བྱེད་སྐབས། ས་གནས་རྒྱ་གཞུང་གིས་ཐེངས་མང་ཁྲིད་རྩིས་བྱས་ཏེ། རེབ་གོང་སྐྱབས་མགོན་སྐུ་ཕྲེང་བརྒྱད་པ་བསྟན་འཛིན་འཇིགས་མེད་སྐལ་ལྡན་མཆོག་ལ་ཡང་ནས་ཡང་དུ་སྨན་ཁང་ལ་ཁྲིད་དགོས་པ་དང་རྒྱལ་ཁབ་ལ་རྩིས་སྤྲོད་དགོས་སྐོར་བརྗོད་པར་མ་ཟད། འདི་ལྟར་ཉར་བ་ནི་ཆོས་དང་རྒྱལ་ཁབ་གྱི་སྲིད་ཇུས་དང་ཡོངས་སུ་འགལ་བ་ཡིན་ཚུལ་བཤད་ཀྱང་རེབ་གོང་སྐྱབས་མགོན་ཚང་གིས་རེབ་གོང་དུ་བདེ་འཇགས་དགོས་ན་ཁོང་ཁྲིད་མི་ཆོག་པ་མ་ཟད། ད་དུང་བོད་མི་གཞན་གཅིག་ཀྱང་འཛིན་བཟུང་བྱ་མི་ཆོག་སྐོར་གསུངས་ཡོད་འདུག དམ་པ་ཁོང་ཉིན་མཚན་དུས་དྲུག་ཏུ་རོང་བོ་དགོན་ཆེན་གྱི་དགེ་འདུན་པས་གཙོས་ནང་མི་དང་ཉེ་འབྲེལ་སྡེ་བ་གཅིག་པ་བཅས་ནས་ཉེན་སྲུང་དང་བདག་སྐྱོང་བྱས་ཏེ། ཕྱི་ཟླ་ ༩ ཚེས་ ༢༩ བར་ཉིན་མཚན་དུས་དྲུག་ཏུ་བཟོད་གླགས་མི་ཐུབ་པའི་ན་ཟུག་མྱངས་དང་མྱོང་བཞིན་པར་ཟུག་གཅོག་གི་སྨན་བཅོས་ཀྱིས་ཉིན་གྲངས་ ༡༩༥ ཙམ་ལ་སྐུ་འཚོ་བཞུགས་གནང་ཐུབ་ཡོད།
དམ་པ་ཁོང་གིས། མདོར་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན། །མར་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན། །མ་ལུས་ད་ལྟ་བདག་ལ་སྨིན་པ་དང་། །བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས། །འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས། །ཞེས་པའི་ཚིག་དོན་འདི་ཉམས་བཞེས་གནང་ཡོད་འདུག ཕྱི་ཟླ་ ༡༠ པའི་ཚེས་༡ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥ པ་ཙམ་ལ་རེབ་གོང་སྐྱ་སེར་མང་ཚོགས་ཚང་མ་ཐོས་བསམ་གླིང་གི་ཆོས་རའི་རྡོ་གཅལ་དུ་འདུ་འཛོམས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་མཆོད་བཤམས་རྒྱ་ཆེན་དང་འབྲེལ་སྐྱབས་འགྲོ་དགའ་ལྷ་དང་འབྲེལ་སྨོན་ལམ་དང་༸གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་རབ་འབྱམས་རྒྱལ་བ་མ་དང་། རྒྱན་འཇུག་གསུང་འདོན་གནང་རྒྱུ་ཡིན་པ་དང་། ཕྱི་ཟླ༡༠ ཚེས༢ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༤ བ་ཙམ་ལ་སྐུ་ཕུང་གདོང་རྒྱ་ཀླད་དུ་གདན་ཞུས་ཀྱིས་ཞུགས་འབུལ་ཞུ་རྒྱུ་ཡིན་འདུག
སྐུ་ཞབས་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ནི། རེབ་གོང་རྒྱལ་བོ་ལྡོང་ངེའི་ཕ་དཀོན་མཆོག་སྐྱབས་དང་མ་ལྕགས་མོ་གཉིས་ཀྱི་བུ་ཡིན་པ་དང་།ཆུང་དུས་ནས་རོང་བོ་དགོན་ཆེན་དུ་རབ་བྱུང་སྒྲིག་ཞུགས་ཀྱིས་སློབ་གཉེར་གནང་ཞིང་དཔེ་ཆ་དྲག་གྲས་སུ་གཏོགས་ཤིང་།
འཛིན་གྲྭ་འདུལ་བ་ལ་སླེབས་པ་དང་ནམ་རྒྱུན་ཤེས་སྤྱོད་གང་ཐད་ནས་གཞན་གྱི་མིག་དཔེར་འོས་པ་ཞིག་ཡིན་འདུག དེ་ལྟར་ན། ཕྱི་ཟླ་ ༩ ཚེས་ ༢༩ བར་བོད་ནང་རང་ལུས་མེར་བསྲེགས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ ༥༢ བྱུང་ཡོད་པ་དང་འདས་གྲོངས་སུ་ཕྱིན་པ་མི་གྲངས ༤༢ ཆགས་ཡོད་པ་རེད།