༢༠༡༢ ཟླ་ ༡༠ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༡ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༠༠ ཐོག་རྒྱ་གར་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ (Rajendra Bhawan) ཞེས་པའི་ཚོགས་ཁང་ནང་རྒྱ་ནག་གིས་རྒྱ་གར་ལ་དྲག་དམག་བརྒྱབ་སྟེ་ལོ་ངོ་ ༥༠ འཁོར་བ་དང་། བོད་ཀྱི་གནད་དོན་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་གོ་སྒྲིག་གནང་ཡོད། དེ་ཡང་ཐོག་མར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་གཙོ་སྐུ་ཞབས་ཨེན་ཀེ་ཊི་རིཀ་ཁ་ (Dr.N.K.Trikha) ལགས་ཀྱིས་ལྷན་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང༌དོན།
ཕྱི་ལོ་ ༡༩༦༢ ལོར་རྒྱ་ནག་གིས་རྒྱ་གར་ཐོག་དམག་བརྒྱབ་དགོས་དོན་རྒྱུ་མཚན་མང་པོ་ཞིག་ཡོད། རྒྱ་ནག་གིས་རྒྱ་གར་ལ་རྒྱ་དཀར་ནག་གཉིས་ཕན་ཚུན་སྤུན་མཆེད་ལྟ་བུ་ཡིན་ཞེས་བརྗོད་པ་དང༌། དེ་ནས་ཕྱོགས་གཉིས་དབར་ཞི་མཐུན་མཉམ་གནས་བྱ་རྒྱུའི་ཆིངས་ཡིག་ (Pancsheel Aggrement) དོན་ཚན་ལྔའི་ཐོག་མིང་རྟགས་བཀོད་དེ་རྒྱ་ནག་གིས་རྒྱ་གར་ལ་མགོ་སྐོར་བསླུ་བྲིད་བཏང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་རྒྱ་གར་གྱི་དེ་སྔའི་དམག་སྤྱི་གཞོན་པ་སྐུ་ཞབས་ཨེན་ཨེ་སི་མ་ལིཀ་ (General N.S.Malik) ལགས་ཀྱིས་གསུང་བཤད་གནང་དོན། བོད་དེ་བཞིན་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་བའི་ཐད་གནད་འགག་ཆེན་པོ་ཆགས་ཀྱི་ཡོད། ང་ཚོའི་རྒྱ་གར་བྱང་ཕྱོགས་ཀྱི་ས་མཚམས་ཐོག་དཀའ་རྙོག་ཇི་བྱུང་ཚང་མར་བོད་དང་འབྲེལ་བ་ཆགས་ཀྱི་ཡོད། རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་པ་ནས་བཟུང་རྒྱ་གར་དང་རྒྱ་ནག་གཉིས་དབར་གྱི་ས་མཚམས་ཐོག་རྩོད་གཞི་ཆགས་ཡོད། ཅེས་སོགས་གསུངས་ཡོད།
དེ་བཞིན་རྒྱ་གར་གྱི་གཞུང་ཚབ་ཟུར་པ་རན་ཇི་ཏ་གུཔ་ཏ་(Ranjit Gupta) ལགས་ཀྱིས་ཕྱི་ལོ་ ༡༩༦༢ ལོའི་དམག་གི་རྣམ་པ་དང་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་རྣམས་ཀྱི་བོད་ཀྱི་ཐོག་གཟིགས་ཚུལ་སྐོར་གསུངས་པ་དང་ལྷན། རྒྱ་གར་གྱི་ཆབ་སྲིད་ཚོགས་པ་རྣམས་ཀྱིས་སྤྱི་མོས་ཐོག་ནས་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་་སྐོར་ཡང་གསུངས་ཡོད། དེ་ནས་དམག་དཔོན་ཟུར་པ་སྐུ་ཞབས་ཝི་ནོ་ཌ་སེ་གྷལ་(Vinod Saighal) ལགས་ཀྱིས་རྒྱ་གར་གཞུང་གིས་རྒྱ་ནག་མཉམ་ས་མཚམས་སྐོར་གྲོས་མོལ་གནང་སྐབས་བོད་ཀྱི་གནད་དོན་སྐོར་གླེང་སློང་ངེས་པར་དུ་གནང་དགོས་སྐོར་གསུངས་ཡོད། ཡང་ལྷན་ཚོགས་དེའི་ཐོག་ཕེབས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷལ་བྷིར་(Balbir Punj) ལགས་ཀྱིས་གསུང་དོན། གལ་ཏེ་ཕྱི་ལོ་ ༡༩༥༠ ལོར་རྒྱ་གར་གྱིས་ཕུགས་རྒྱང་རིང་པོའི་ཐབས་བྱུས་ལག་བསྟར་གནང་ཡོད་ཚེ། རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱེད་ཐུབ་མེད་ལ། རྒྱ་དཀར་ནག་གཉིས་དབར་ད་ཡོད་ས་མཚམས་ཀྱི་རྩོད་གཞི་དེའང་མེད། འདས་པའི་ལོ་ང་ ༥༠ ནང་རྒྱ་གར་གྱི་ངོས་ནས་གོམ་པ་མདུན་སྤོས་ཀྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་རོགས་སྐྱོར་ཞུ་ཐུབ་མེད། འོན་ཀྱང་ཉིན་གཅིག་བོད་ལ་རང་དབང་ཐོབ་ཀྱི་རེད་ཅེས་གསུངས་ཡོད།
དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གསུང་བཤད་གནང་དོན། ཕྱི་ལོ་ ༡༩༦༢ ལོར་རྒྱ་ནག་གཞུང་ནས་རྒྱ་གར་ཐོག་དམག་འཐབ་བྱེད་དགོས་པའི་རྒྱུ་མཚན་གཅིག་ནི་ཕྱི་ལོ་ ༡༩༠༤ ལོར་དབྱིན་ཇིས་བོད་ཀྱི་རྒྱལ་ས་ལྷ་སར་བཙན་འཛུལ་བྱས་རྗེས་རྒྱ་ནག་མན་ཇུས་བོད་ལ་དབང་བསྒྱུར་བྱ་རྒྱུའི་སྲིད་བྱུས་ཡོད་མུས་དེ་ལག་བསྟར་ཆེད་ཟི་ཁྲོན་ཞིང་ཆེན་གྱི་རྫོང་དཔོན་བོད་ལ་ཆེད་གཏོང་བྱས་པ་དང་ཆབས་ཅིག་བོད་ལ་དབང་བསྒྱུར་བྱས་པར་བརྟེན། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ལ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་ཡོད་ཀྱང་དུས་ཡུན་རིང་པོ་མ་སོང་བར་ཕྱི་ལོ་ ༡༩༡༡ ལོར་རྒྱ་ནག་ནང་ལྕགས་ཕག་གསར་བརྗེའི་བྱུང་ཡོད། དེ་ནས་༸རྒྱལ་མཆོག་སྐུ་ཕྲེང་གསུམ་བཅུ་པ་ཆེན་པོ་མཆོག་བོད་དུ་ཆེད་ཕེབས་ཀྱིས་ཕྱི་ལོ་ ༡༩༡༣ ལོར་གསལ་བསྒྲགས་ཤིག་གནང་ཡོད་པ་དེ་བོད་མི་ཚོས་བོད་རང་བཙན་ཡིན་པའི་གསལ་བསྒྲགས་གནང་བར་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེ་བཞིན་སིམ་ལར་རྒྱ་གར་དབྱིན་གཞུང་དང་བོད་རྒྱ་ནག་བཅས་གསུམ་བར་ཆིངས་ཡིག་ཅིག་བཞག་ཡོད། སྐབས་དེ་དུས་དབྱིན་གཞུང་ནས་བོད་དེ་བཞིན་རྒྱ་ནག་དང་འདྲ་མཉམ་གྱི་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱས་ཐོག་ཆིངས་ཡིག་བཞག་ཡོད། འོན་ཀྱང་རྒྱ་ནག་གཞུང་ནས་བོད་རྒྱལ་ཁབ་ནས་རྒྱལ་ཁབ་གཞན་དང་ལྷན་གནས་བབས་འདྲ་མཉམ་ཐོག་བཞག་པའི་ཆིངས་ཡིག་དེ་དག་རྩིས་མེད་བཏང་བ་རེད།
ཕྱོགས་མཚུངས་ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་གཞུང་གིས་བཙན་བཀའ་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་དགོས་ཐུག་པའི་གནས་སྟངས་ལ་བོད་དོན་ཉམས་ཞིབ་གནང་མཁན་ཚོས་ཐུགས་སྣང་བྱ་རྒྱུའི་གནད་དོན་ཞིག་ཆགས་ཡོད། ཕྱི་ལོ་ ༡༩༦༢ དམག་འཐབ་རྗེས་རྒྱ་ནག་གཞུང་ནས་བོད་ནང་དྲག་དམག་ཤུགས་ཆེ་རུ་བཏང་ཡོད། དེ་བཞིན་རྒྱ་གཞུང་ནས་འཛུགས་སྐྲུན་ལ་ཁ་གཡར་ཏེ་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ཁོར་ཡུག་སོགས་རྩ་མེད་བཏང་དང་གཏོང་མུས་ཡིན་པ་མ་ཟད། བོད་མིའི་མངོན་འདོད་དང་མ་འཚམ་པའི་སྲིད་བྱུས་ལག་བསྟར་བྱས་རྐྱེན་བོད་ནང་གི་བོད་མིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་མུ་མཐུད་འཐོན་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་རྒྱའི་དཀའ་ངལ་སེལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་ཡོད་ཀྱང་རྒྱ་ནག་གཞུང་ནས་དེར་དོན་སྙིང་ལྡན་པའི་ཡ་ལན་སྤྲད་མེད། འོན་ཀྱང་རྒྱ་ནག་གི་མཁས་དབང་དང་རྩོམ་པ་པོ་མང་པོས་ང་ཚོའི་སྲིད་བྱུས་དེར་རྒྱབ་སྐྱོར་གནང་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ནས་ཇོ་ཧ་ལ་ནེ་རུའི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཌོག་ཊར་ཨ་ནཱ་ཀུ་མར་མཆོག་གིས་གསུང་བཤད་གནང་དོན། ཕྱི་ལོ་ ༡༩༦༢ ལོའི་རྒྱ་ནག་གིས་དམག་འཐབ་དེས་རྒྱ་གར་ལ་ཕམ་ཉེས་བྱུང་ཡོད་པ་ཚང་མས་ཤེས་གསལ་རེད། འོན་ཀྱང་རྒྱ་གར་གྱི་སྲིད་བློན་རིམ་པས་བློ་སྟོབས་ཆེན་པོའི་སྲིད་བྱུས་བཟུང་རྒྱུའི་ཚབ་ཏུ་བསྟུན་མཁས་ཀྱི་སྲིད་བྱུས་བཟུང་ཡོད། ཕྱོགས་མཚུངས་ཆབ་སྲིད་ཀྱི་འགོ་ཁྲིད་ཚོས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཐད་གྲོས་ཚོགས་ནང་བགྲོ་གླེང་མཐིལ་ཕྱིན་པ་གནང་གི་མེད་པ་དེ་ཡང་བློ་ཕམ་དགོས་པ་ཞིག་རེད། རྒྱ་གར་གྱི་ས་མཚམས་ཧི་མ་ལ་ཡའི་ནང་རྒྱ་ནག་གཞུང་ནས་ལས་འཆར་སྣ་ཚོགས་ཤིག་སྤེལ་གྱི་ཡོད་སྟབས། རྒྱ་གར་ལ་ཉེན་ཚབས་འཕྲད་ཉེ་ཡོད་པར་བརྟེན་ཧི་མ་ལ་ཡ་སྲུང་སྐྱོབ་བྱ་རྒྱུ་དེ་རྒྱ་གར་གྱི་བདེ་འཇགས་ལ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། དེ་སྔོན་རྒྱ་ནག་གཞུང་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཨ་རུ་ན་ཅལ་ནང་ཆིབས་སྒྱུར་བསྐྱང་རྒྱུའི་ཐོག་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར་རྒྱ་གར་གཞུང་གིས་ཆོག་མཆན་འབུལ་ལམ་ཞུས་ཡོད། དེ་བཞིན་འདི་ལོ་ཕྱི་ལོ་ ༡༩༦༢ ལོའི་དམག་ཟུར་ཚོར་གཞུང་ཕྱོགས་ནས་ཆེ་བསྟོད་གནང་བ་དེ་དག་རྒྱ་གར་གཞུང་གི་བཞེངས་ཕྱོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་གི་ཡོད་པར་ངོས་འཛིན་བྱས་ན་ཆོག་གི་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །