༢༠༡༢ ཟླ་ ༡༠ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅ །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༩ ཉིན་ཕ་རན་སིའི་རྒྱལ་ས་པེ་རི་སི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ལས་རོགས་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་མ་རི་ཡོ་ཨོ་ཊེ་རོ་ (Mario Otero) མཆོག་དང་མཇལ་འཕྲད་གནང་ཡོད། དེ་ཡང་ཨ་རི་གཞུང་གིས་ཆེད་བཙུགས་གནང་བའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་མ་རི་ཡོ་ཨོ་ཊེ་རོ་མཆོག་ཕ་རན་སིའི་རྒྱལ་ས་པེ་རི་སི་ནང་ཡུ་རོབ་ཁུལ་གྱི་ཕྱི་སྲིད་དྲུང་ཆེའི་ལས་རོགས་རྣམས་ལ་ཨ་རིའི་གཞུང་ཕྱོགས་ནས་བོད་ཀྱི་གནད་དོན་ཐོག་སྲིད་བྱུས་ཇི་ལྟར་འཛིན་གྱི་ཡོད་པའི་སྐོར་གསལ་བཤད་གནང་བར་ཕེབས་ཡོད། སྐབས་དེར་སྐལ་བཟང་རྒྱལ་མཚན་ལགས་དང་ལྷན་ཡུ་རོབ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱང་ལྷན་བཅར་ཞུས་ཡོད། ཁོང་རྣམས་དུས་ཡུན་ཆུ་ཚོད་གཅིག་རིང་གླེང་མོལ་གནང་སྐབས། སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཡུ་རོབ་ནང་བོད་དོན་གནས་སྟངས་ཇི་ཡིན་དང༌། དེ་དང་འབྲེལ་བའི་དཀའ་ངལ་རྣམས་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པ། དེ་བཞིན་བོད་དོན་ཆེད་རྒྱབ་སྐྱོར་དགོས་པའི་གནད་དོན་གལ་ཆེ་ཁག་གཅིག་བཅས་གསལ་བཤད་ཞུས་ཡོད།
སྐབས་དེར་ལྕམ་སྐུ་མཆོག་གིས་ཨ་རིའི་གཞུང་གིས་བོད་ཀྱི་གནད་དོན་ཐོག་བློ་འཚབ་ཡོད་སྐོར་གསུངས་པ་མ་ཟད། ལྕམ་སྐུ་མཆོག་གིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཡང་གནང་ཡོད། ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༡ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་སྐུ་ཧི་ལི་རི་ཀི་ལིན་ཊོན་མཆོག་གིས་ལྕམ་སྐུ་མ་རི་ཡོ་ཨོ་ཊི་རོ་མཆོག་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་ཡོད་པ་བཅས།།