༢༠༡༢ ཟླ་ ༡༠ ཚེས་ ༩ རེས་གཟའ་མིག་དམར།
༄༅། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་རྡ་ས་གངས་སྐྱིད་དུ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་བདུན་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་པ།
དེ་ཉིན་སྔ་དྲོ་ཆུ་ཚོུད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་། བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་འབའ་སྐལ་བཟང་རྒྱལ་མཚན་ལགས། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་རྐརྨ་ཆུང་བདག་ལགས། ཤེས་རིག་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས། ཟུང་དྲུང་འཆི་མེད་ཚེ་དབྱངས་ལགས། ཁྱབ་ཁོངས་སློབ་གྲྭ་ཁག་གི་སྐུ་ཚབ་དང་དགེ་ལས་སློབ་ཕྲུག་ཕ་མ་བཅས་ཁྱོན་མི་གྲངས་ ༣༥༠ བརྒལ་བ་ལྷན་འཛོམས་ཐོག་ཚང་མ་སྐུ་བཞེངས་ཐོག་གང་བློ་མ་གསུང་འདོན་རྗེས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་ཕུལ།
དེ་ནས་བོད་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་དྲན་གསོ་གུས་བཀུར་ཆེད་སྐར་མ་གཅིག་མྱ་ངན་ངག་བཅད་གནང་རྗེས་དཔེ་སྟོན་སློབ་ཕྲུག་རྣམས་ནས་དྲན་གསོ་ངག་གི་སྙེ་མ་ཞེས་པའི་མཉམ་གཞས་བཏང་རྗེས་དཔེ་སྟོན་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་འཚམས་འདྲི་དང་སྦྲགས་ཤེས་ཡོན་སྲིད་བྱུས་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་ཡོད་པའི་གསུང་བཤད་གནང་རྗེས་དཔེ་སྟོན་སློབ་གྲྭའི་སློབ་མའི་བཀའ་ཤག་གི་བཀའ་ཁྲི་ཕུར་བུ་སྒྲོལ་མ་ལགས་ཀྱིས་སློབ་གྲྭའི་ལས་བསྡོམས་སྒྲོགས་སྦྱངས་དང་འབྲེལ་ཤེས་ཡོན་སྤྲོད་དགོས་པའི་སློབ་གཞི་ནི་རང་དབང་། གཞན་ཕན། རྒྱུན་འཛིན། གསར་གཏོད་བཅས་ཀྱི་ཆེད་དུ་སྐོར་ངོ་སྤྲོད་རྗེས་སློབ་ཕྲུག་འཛིན་གྲྭ་ཁག་ནས་ལུས་སྦྱོང་དང་། སྙན་ཚིག་གྱེར་འདོན། བྱིས་པའི་མཉམ་གཞས
འཁྲབ་གཞས། གཏམ་བརྗོད་བཅས་སྟོན་རྗེས་སྐུ་མགྲོན་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱི་གསུང་བཤད་གནང་བའི་སྙིང་དོན་ནི། དེ་རིང་འདི་གའི་སློབ་མའི་རིག་གཞུང་འཁྲབ་སྟོན་དང་འབྲེལ་བའི་སློབ་མའི་ཤེས་ཡོན་སྦྱངས་ཚད་ཧ་ཅང་། ལེགས་པོ་ཡོད་པ་བསྔགས་བརྗོད་ཡོད།
དེ་བཞིན་སྤྱི་ཚོགས་དང་ཕ་མ་ཚོའི་ངོས་ནས་རྒྱུན་གཏན་ནས་འཚོ་བའི་ནང་བོད་སྐད་གཙང་མའི་ཐ་སྙད་ལ་ཤུགས་རྒྱག་དགོས། བོད་ཡིག་ཀྱི་ཤེས་ཡོན་རྨང་གཞི་ཚུགས་པའི་ཐོག་དབྱིན་ཡིག་སློབ་སྦྱོང་རིམ་པས་སྤྲད་དེ་འདབ་ཤོག་གཉིས་ལྡན་ལ་ཤུགས་རྒྱག་རྒྱུར་དང་། སློབ་གྲྭའི་འདི་ལྟ་བུར་ཤེས་རིགས་ལས་ཁུངས་ཕྱོགས་ནས་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན། ཇི་ཤི་མི་རིགས་ལྟར་ང་ཚོའི་ཕྲུ་གུ་ཚོར་ཤེས་ཡོན་གང་ལེགས་སྤྲོད་ཐུབ་པ་དགོས་པའི་སྐུལ་མ་གནང་བའི་གསུང་བཤད་རྗེས་དཔེ་སྟོན་སློབ་གྲྭའི་བཀའ་ཤག་གི་ཤེས་རིག་བཀའ་བློན་བསྟན་འཛིན་སྣང་སྐྱིད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ་བ་བཅས་སུ།།